ལིས་ཞི་ཡིས་ཡུན་ནན་དུ་རྟོག་ཞིབ་མཛད།
2023.06.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 20

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཚེས་བཅུ་བཞི་ནས་ཚེས་བཅུ་བདུན་ཉིན་བར་ཡུན་ནན་དུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་དང་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པའི་དཔུང་སྡེའི་སློབ་གསོའི་དག་ཐེར་གཏིང་ཟབ་ཏུ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་གཏན་ཕབ་གཉིས་དང་སྲུང་སྐྱོང་གཉིས་ཀྱི་ཆབ་སྲིད་ངོས་ཟིན་དང་བམས་བློའི་ངོས་ཟིན། གཞུང་ལུགས་ངོས་ཟིན། བརྩེ་བའི་ངོས་ཟིན་བཅས་ཇེ་དྲག་ཏུ་བཏང་སྟེ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ཏེ། སྐྱོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལིས་ཞི་ཧྲི་ལིན་དབྱི་རིགས་རང་སྐྱོང་རྫོང་ཝུའུ་ཁི་ཧྲུའུ་སྡེ་བ་དང་ཐིན་ཁྲུང་གྲོང་ཁྱེར་པེ་ཕའེ་རང་བྱུང་སྡེ་བ་དང་ཅི་པེན་ཝུའུ་ལུང་ཇའི་འདེབས་འཛུགས་རྟེན་གཞིར་ཕེབས་ཏེ། ཡུལ་དངོས་ནས་ཡུན་ནན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་བཟང་བོར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། དབུལ་ཐར་ས་ཁུལ་གྱི་འགྱུར་ལྡོག་ཆེན་པོ་ལས་དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་གྲུབ་འབྲས་མངོན་པར་མཚོན་ཡོད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལྡན་པའི་དོན་སྙིང་མངོན་པར་མཚོན་ཡོད། བཞུད་ལམ་གསར་བའི་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་དངོས་འབེབས་དོན་འཁྱོལ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཤུགས་འདོན་སར་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། བཞུད་ལམ་གསར་བའི་སྟེང་གི་མགོ་རྩོམ་པའི་གནས་བབ་བཟང་བོ་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་དགོས།

ཡུན་ནན་ཞིང་ཆེན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ། ལིས་ཞི་ཡིས་བརྗོད་དོན་སློབ་གསོ་དང་སློབ་གསོའི་དག་ཐེར་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་མཛད་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་སྐོར་ཞིག་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་ཏང་གི་རང་སྟེང་གསར་བརྗེ་བྱེད་པའི་འཐབ་ཇུས་དགོངས་པར་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཁག་ཆེན་མོའི་དཀའ་ཁག་ཐག་གཅོད་བྱེད་པའི་སྐོར་གྱི་རེ་བ་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ནས་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་ཀྱི་རེ་བ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ལ་དམིགས་པ་དང་ཆབ་སྲིད་ལྟ་རྟོག་ལ་ཤུགས་སྣོན་བྱེད་པ། སྲོལ་ངན་བཞི་ཡོ་བསྲང་བྱེད་པ་དང་སྲོལ་གསར་དར་སྤེལ་བྱེད་པའི་རེ་བ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། དངོས་གཉེར་གྱི་སྲོལ་དང་སྤྱོད་གཙང་གི་སྲོལ། གྲོན་ཆུང་གི་སྲོལ་བཅས་ལ་སྐུལ་འདེད་གཏོང་དགོས།

རྟོག་ཞིབ་བྱེད་སྐབས་ལིས་ཞི་ད་རུང་ཁུང་མེན་ཡུན་ནེ་སྒུལ་ཤུགས་མ་རྐང་ཚད་ཡོད་ཀུང་ཟི་དང་ཏེན་ཀྲུང་ཆུ་འདྲེན་བཟོ་སྐྲུན་གྱི་ལས་ཡུལ་དངོས། ཡུན་ནན་དགེ་འོས་སློབ་ཆེན་བཅས་སུ་ཕེབས་ཏེ་སྤྱོད་བཟང་སྒྲིག་ནན་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་། པའོ་ཧྥུན་བརླན་སར་སོང་ནས་ཡུན་ནན་གྱི་སྲུང་སྐྱོབ་བཅོས་སྐྱོང་དང་སྐྱེ་ཁམས་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་མཛད། ཀྲུའུ་ཏི་ཡི་གཞིས་རྙིང་རྗེས་དྲན་ཁང་དང་། རྒྱལ་འཛུགས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་གནས་རྙིང་། ཡུན་ནན་ནུབ་མའི་འཇར་འགོག་རྗེས་དྲན་ཁང་། ཨེ་སི་ཆི་རྗེས་དྲན་ཁང་བཅས་སུ་གཟིགས་ཞིབ་མཛད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པས་ལོ་རྒྱུས་ཁྲོད་ནས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས་ཟོལ་མེད་ཀྱིས་ཏང་དང་མི་དམངས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།