ཁྲིན་ཀང་གིས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་རྟོག་ཞིབ་བྱས།
2023.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་རྟོག་ཞིབ་བྱེད་པར་སོང་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་ལོ་རྒྱུས་རིག་གནས་ལ་སྲུང་སྐྱོབ་བྱེད་པ། ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱེད་པ། ཡུལ་སྐོར་དུས་ཚོད་གལ་ཆེན་སྔོན་བསུ་བྱས་ནས། མང་ཚོགས་སྔར་ལས་མང་པོ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པར་བྱེད་དགོས།

ཁྲིན་ཀང་ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་དང་ཁྲི་ཀའི་གནའ་མཁར་དུ་སོང་ནས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན། ཡུལ་སྐོར་བ་སྣེ་ལེན་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ས་དེའི་སོ་ཕག་བཟོ་སྐྲུན་དང་སྲོལ་རྒྱུན་ཤིང་བརྐོས། ཤོག་དྲས་སོགས་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ལྡན་པའི་རྒྱུན་འཛིན་པ་དང་བརྗེ་རེས་ཟབ་མོ་བྱས། ཁྲིན་ཀང་གིས་ས་དེས་རྒྱལ་ཁབ་ཀྱི་ཀ་རིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་བྱེད་པ་དང་། རིག་གནས་དང་ཞིང་ལས། ཡུལ་སྐོར་བཅས་དགེ་མཚན་ཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། རང་བྱུང་ཁོར་ཡུག་བཟང་བོ་ནི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་ཡིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་ནམ་ཡང་འབུར་ཐོན་གོ་གནས་སུ་འཇོག་པ་དང་། ཆུའི་ཁོར་ཡུག་དང་ཆུའི་སྐྱེ་ཁམས། ཆུའི་ཐོན་ཁུངས། ཆུའི་བདེ་འཇགས། ཆུའི་རིག་གནས་དང་རྨ་ཆུའི་འགྲམ་རྒྱུད་ས་ཆ་སོགས་ཕྱོགས་མང་པོའི་ཐད་ཀྱི་འབྲེལ་འདྲིས་ལ་གཅིག་འདོམས་སྒོས་བསམ་གཞིགས་བཏང་སྟེ། གནམ་འོག་གི་རྨ་ཆུ་ཁྲི་ཀར་དྭངས་ཞེས་པའི་མིང་བྱང་བཀོལ་སྤྱོད་བཟང་བོ་བྱེད་དགོས། ཁྲི་ཀའི་ནམ་ཟླ་དང་ཁུལ་གནས། རིག་གནས་སོགས་ཕྱོགས་ཀྱི་ཞིབ་བསྡུར་དགེ་མཚན་སྔར་ལས་སྔོག་འདོན་བྱེད་པ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བཀོལ་སྤྱོད་བྱ་བ་བཟང་བོར་བསྒྲུབ་པ། ཡུལ་སྐོར་ཐོན་རྫས་གསར་པ་དང་ལས་རྣམ་གསར་པ། མ་དཔེ་གསར་པ་སྐྱེད་སྲིང་བྱས་ནས། དུས་ཚིགས་ཡོངས་དང་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་དགོས། མི་སྡོད་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། མཛེས་སྡུག་གི་ཞིང་གྲོང་འཛུགས་སྐྲུན་བྱེད་པ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་སྟེ། ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་མང་ཚོགས་ཕྱུག་པོར་བསྒྱུར་བ་དང་ཡོང་སྒོ་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱེད་དགོས།

རྟོག་ཞིབ་བྱེད་སྐབས། ཁྲིན་ཀང་གིས་ད་དུང་ཁྲི་ཀ་རྫོང་གི་ཆུ་རྒྱུན་འབྲེལ་མཐུད་དང་ཆུ་མཛེས་ཞིང་གྲོང་འཛུགས་སྐྲུན། ཞོད་འགོག་བྱ་བ་བཅས་ཐད་ཀྱི་གནས་ཚུལ་ལ་ཉན། ཁོས་བསྟན་དོན། མིག་སྔར་མཚོ་སྔོན་ཆུ་རྒྱས་པའི་དུས་སྐབས་སུ་སླེབས་པས། ཆར་ཞོད་དང་ཆུ་ལོག་འགོག་པའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆར་འབབ་ཚད་དང་ཆུ་རྒྱས་ཚད་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱེད་པ། ས་གཤིས་གནོད་འཚེ་སོགས་ཞོད་འགོག་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། ཆུ་རྒྱུན་འབྲེལ་མཐུད་དང་ཆུ་ངོགས་བཅོས་སྐྱོང་སོགས་བྱ་བ་རྒྱུན་མཐུད་ངང་སྤེལ་བ། མང་ཚོགས་ཀྱི་འཕྲལ་བསྟུན་ཉེན་གཡོལ་འདུ་ཤེས་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བ། ཞོད་འགོག་འཕྲལ་བསྟུན་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། ཞོད་འགོག་བྱ་བར་སྔོན་དུ་བསམ་གཞིགས་གཏོང་བ་དང་སྔོན་དུ་བསྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་ཆུ་རྒྱས་པའི་དུས་སྐབས་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་ཁག་ཐེག་བྱེད་དགོས།

ཀྲུའུ་ཞང་ཧྥིན་དང་ཧི་ལུའུ་ཁྲུན་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།