ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་གཞིར་བཟུང་སྟེ་ཐུན་མོང་སློབ་སྦྱོང་དང་ཞིབ་འཇུག་གྲོས་སྡུར་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པའེ་ཁི་རི་སུའུ་ལིས་ཧན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་སྲིད་འཛིན་བཅའ་ཁྲིམས་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཧའེ་ཐའོ་ཡིས་ཁ་བྱང་ལ་ཁྲིམས་ལྟར་ཆུ་བཅོས་སྐྱོང་དང་། རྨ་ཆུའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ་ཏེ། རྨ་ཆུ་སྲུང་སྐྱོབ་ཁྲིམས་འཛུགས་ཀྱི་དོན་སྙིང་གལ་ཆེན་དང་། རྨ་ཆུ་སྲུང་སྐྱོབ་ཐད་འཕྲད་པའི་གནད་དོན་གཙོ་བོ། བཅའ་ཁྲིམས་ལམ་ལུགས་གཏན་འབེབས་བྱེད་པའི་ནང་དོན་ཞིབ་མོ་བཅས་ཕྱོགས་ཡོངས་ནས་འགྲེལ་ཀློག་བྱས།
ཝང་དབྱང་གིས་བསྟན་དོན། ཟུར་ཁྲིད་སྙན་ཞུའི་ནང་དོན་ཆ་ཚང་ཞིང་གཙོ་སྙིང་གསལ་བོར་བཏོན་ཡོད་པ་དེར། ཆབ་སྲིད་ལངས་གནས་ཡོད་ལ་གཞུང་ལུགས་ཀྱི་མཐོ་ཚད་ཡོད་པར་མ་ཟད། ཞིབ་འཇུག་དབྱེ་ཞིབ་དང་བསམ་གཞིགས་གཏིང་ཚད་ཀྱི་རིན་ཐང་ལྡན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དགོངས་དོན་གཙོ་བོ་ཕྱོགས་ཡོངས་ནས་ཡང་དག་སྒོས་ཁོང་དུ་ཆུད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་སློབ་སྦྱོང་གོ་སྐབས་སུ་བྱས་ཏེ། རྒྱུན་ཆད་མེད་པར་སློབ་སྦྱོང་ཤུགས་དྲག་དང་། རྒྱུན་མཐུད་ངང་ལག་ལེན་གཏིང་ཟབ་བྱེད་པ། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དགོངས་པའི་ངོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་དེར་སློབ་སྦྱོང་ཟབ་མོ་བྱེད་པ། མ་ཡུམ་གཙང་བོར་སྲུང་སྐྱོབ་བྱེད་པའི་མཚོ་སྔོན་གྱི་འགན་འཁྲི་དངོས་འབེབས་ཞིབ་ཚགས་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་རྨ་ཆུའི་གཏམ་རྒྱུད་ལེགས་པོར་འཆད་དགོས་ཟེར།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་དང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།