ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པའོ་ལིན་ནས་འཇར་མན་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་མཛད།
ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པའོ་ལིན་ནས་འཇར་མན་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་མཛད། ཞི་མིན་ཙི་དང་ཏཱ་ཀྲུང་། པིན་ཁྲུ། པའོ་མཱ། ཧྲི་ཧྥོ་ལེ། པཱ་སི་ཧྥུའུ། ཁི་སི་ཁྲོང་། ཝ་ཁི་རྫས་འགྱུར། མའོ་ཁི། སི་ཅེ་ཕུའུ། ཨན་ལེན་སོགས་འཇར་མན་གྱི་ཁེ་ལས་ཀྱི་འགན་ཁུར་བ་བཞུགས་མོལ་ལ་ཞུགས། ཚང་མས་ཙུང་ལི་ལིས་ཆང་གི་གྲོས་གཞི་ལྟར་དུ། མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་ཆབ་སྲིད་གནས་བབ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་ཕྱོགས། མ་འོངས་པའི་ལག་རྩལ་འཕེལ་རྒྱས་ཀྱི་མདུན་ལྗོངས། རྒྱལ་ཁབ་རེ་འགས་བཏོན་པའི་ཉེན་ཁ་སེལ་བ་དང་གཞན་ལ་མི་བརྟེན་པ་སོགས་ལ་ལྟ་སྟངས་ཅི་འདྲ་འཛིན་པར་དམིགས་ཏེ། ལྷག་བསམ་རྣམ་དག་གིས་ལྟ་ཚུལ་བཤད་པ་དང་བརྗེ་རེས་ཟབ་མོ་བྱས།
ལིས་ཆང་གིས་ཚོགས་ཞུགས་འཐུས་མིའི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། ངོ་འཕྲད་ནས་བརྗེ་རེས་བྱས་ན་མི་དང་མིའི་བར་གྱི་རྒྱུས་ལོན་དང་ཡིད་ཆེས་སྔར་ལས་ཇེ་ཟབ་ཏུ་གཏོང་ཐུབ། མིག་སྔའི་འཛམ་གླིང་གི་གནས་བབ་སྔར་ལས་རྙོག་འཛིང་ཆེ་ཞིང་ཛ་དྲག་ལྡན་པས་སེམས་གནད་ལ་ཕབ་སྟེ་བསམ་བློ་གཏོང་དགོས་ཤིང་། ངེས་གཏན་མེད་པ་མང་བོའི་ཁྲོད་ནས་ངེས་གཏན་རང་བཞིན་དམ་འཛིན་བྱེད་པ་དང་། རང་འགུལ་གྱིས་ཆོས་ཉིད་དང་བསྟུན་ནས་གནས་བབ་ཆེན་མོ་ཁོང་དུ་ཆུད་པར་བྱེད་དགོས་ལ། ཁྱད་པར་དུ་དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་གྱི་ལོ་རྒྱུས་གནས་བབ་ཆེན་མོ་དང་། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་བོར་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་ཆེན་མོ། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གནས་བབ་ཆེན་མོ་བཅས་དམ་འཛིན་བྱས་ཏེ། ཡིད་ཆེས་ཇེ་བརྟན་དང་དཀའ་ཁག་ཁྱད་བསལ་སྒོས་སྒོ་འབྱེད་མཉམ་ལས་ཁྲོད་འཛམ་གླིང་གི་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།
ལིས་ཆང་གིས་བསྟན་དོན། ང་ཚོས་ཕྱོགས་སོ་སོར་རང་ཉིད་ཀྱི་བདེ་འཇགས་སེམས་ཁུར་ཡོད་པར་རྒྱུས་ལོན་བྱེད་ཐུབ་པ་དང་། གལ་ཆེ་བ་ནི་ཇི་ལྟར་ལུགས་མཐུན་གྱིས་དབྱེ་འབྱེད་དང་ཉེན་ཁར་དོགས་ཟོན་བྱེད་རྒྱུ་དེ་ཡིན། གལ་ཏེ་ཐག་གཅོད་བྱས་པ་འོས་འཚམ་་མིན་ཚེ། ཉེན་ཁ་རྒྱ་ཡན་དུ་འགྲོ་སྲིད་ལ། སྔར་ལས་ཆེ་བའི་གནད་དོན་བཟོ་སྲིད། ཁེ་ལས་ཀྱི་ཉེན་ཁའི་ཚོར་སྣང་དེ་ཆེས་ཐད་ཀར་དང་ཆེས་སྐྱེན་པ་ཞིག་ཡིན་ཞིང་། ཇི་ལྟར་ཉེན་ཡོལ་དང་ཉེན་ཁ་ཐག་གཅོད་བྱེད་པ་ཤེས་པར་བྱས་ནས། ཉེན་ཁའི་སྔོན་འགོག་གི་གཙོ་ཁྲིད་དབང་ཆ་ཁེ་ལས་ལ་སྤྲོད་དགོས། ཉེན་ཁའི་སྔོན་འགོག་དང་མཉམ་ལས་ནི་ཁ་ཁ་མིན་ལ། མཉམ་ལས་མི་བྱེད་པ་ནི་ཆེས་ཆེ་བའི་ཉེན་ཁ་ཡིན་པ་དང་། འཕེལ་རྒྱས་སུ་མི་གཏོང་བ་ནི་ཆེས་ཆེ་བའི་བདེ་འཇགས་མིན་པའི་རྒྱུ་རྐྱེན་ཡིན། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་གྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་གཅིག་ལ་གཅིག་བརྟེན་ཡོང་བར་བྱེད་པ་དང་། རྩོད་སྒྲུབ་ཀྱི་ལྟ་སྟངས་བཟུང་ནས་གཞན་བརྟེན་གྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། འུད་བརྗོད་བྱས་ཏེ་ཕན་ཚུན་རྒྱབ་བརྟེན་དང་བདེ་འཇགས་མིན་པ་གཉིས་འདྲ་མཚུངས་སུ་རློམ་མི་རུང་། བྱེ་བྲག་གི་གནད་དོན་རེ་འགར་བྱེ་བྲག་ཏུ་དབྱེ་ཞིབ་བྱེད་དགོས་ལ། ཕྱོགས་སོ་སོས་གྲོས་མོལ་མཉམ་ལས་ལ་བརྟེན་ནས་མཉམ་དུ་འགོག་སྲུང་དང་ཐག་གཅོད་བྱེད་དགོས་ཟེར།
ལིས་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་ཁེ་ལས་པ་དག་གིས་གནས་བབ་དང་བསྟུན་ཏེ། ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་བཟོད་སྒོམ་དང་མཉམ་ལས་གཉིས་ཕན་རྒྱུན་འཁྱོངས་བྱས་ཐོག སྤུས་ཚད་མཐོ་ཞིང་ཆུ་ཚད་མཐོ་བའི་དངོས་གཉེར་མཉམ་ལས་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། གོ་སྐབས་དམ་འཛིན་དང་འགུལ་སྐྱོད་མྱུར་དུ་སྤེལ་ནས། ཧུར་ཐག་སྒོས་གསར་གཏོད་དང་ལྷད་མེད། ཐཱན་ཉུང་སོགས་གསར་དར་ཁྱབ་ཁོངས་ནས་མཉམ་ལས་གྲུབ་འབྲས་སྔར་ལས་མང་བོ་ལོན་པར་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་སྔར་ལས་ཇེ་ཆེར་གཏོང་དགོས། མུ་མཐུད་དུ་ཀྲུང་གོག་དང་འཇར་མན་གྱི་མཛའ་འབྲེལ་ཕོ་ཉ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཡོ་རོབ་གླིང་གི་མཛའ་མཐུན་མཉམ་ལས་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
ཚོགས་ཞུགས་ཀྱི་འཇར་མན་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་བསྟན་དོན། འཇར་མན་དང་ཀྲུང་གོ་ནི་མཛའ་འབྲེལ་ཟབ་པའི་མཉམ་ལས་གྲོགས་པོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཉེན་ཁ་སེལ་ན་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་ལས་ངན་འབྲེལ་བྱེད་མི་རུང་། འཇར་མན་གྱི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་རེ་བ་ཆེན་པོ་བཅངས་ཡོད་པ་དང་། ཀྲུང་གོར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པར་ཡིད་ཆེས་ཡོད་པ་དང་། མུ་མཐུད་དུ་ཀྲུང་གོའི་དངུལ་གཏོང་ལ་ཤུགས་སྣོན་བྱས་ཤིང་། ཀྲུང་གོའི་ཚོང་རར་ཟབ་ཞུགས་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་ཞིབ་འཇུག་གསར་སྤེལ་ནུས་པ་མཐོར་འདེགས་བྱེད་པ། གྲངས་ལྡན་ཅན་གྱི་རིམ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་སྔར་ལས་ལྷག་པའི་སྒོ་ནས་འཇར་མན་དང་ཀྲུང་གོའི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་ནས་ཐོན་སྐྱེད་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱེད་པ། ཀྲུང་གོ་དང་མཉམ་དུ་མཉམ་རྒྱལ་བྱེད་པ་བཅས་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཝུའུ་ཀྲིན་ལུང་སོགས་བཞུགས་མོལ་ཚོགས་འདུར་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།