ཝུའ་ཞའོ་ཅུན་གྱིས་ཡུས་ཧྲུའུ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།
2023.06.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བདང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་དང་ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས། རིགས་སོ་སོའི་མང་ཚོགས་ཀྱིས་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རོལ་ཐུབ་པར་བྱེད་དགོས།

ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་རྫ་སྟོད་རྫོང་དང་ཡུས་ཧྲུའུ་གྲོང་ཁྱེར། ཆུ་དམར་ལེབ་རྫོང་། འབྲི་སྟོད་རྫོང་། ཁུལ་གྲོང་གསེབ་དར་སྤེལ་ཅུའུ་བཅས་ལ་སོང་ནས་རྟོག་ཞིབ་བྱས་པ་དང་། གཞི་རིམ་གྱི་ལས་བྱེད་པ་དང་འབྲོག་པ་མང་ཚོགས་ལ་འཚམས་འདྲི་བྱས་ལ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། ལས་ཞུགས་ཡོང་འཕར། དམངས་ཚིས་འགན་སྲུང་། ཡུལ་གཞན་གནས་སྤོར། གྲོང་གསེབ་འཛུགས་སྐྲུན་སོགས་གནས་ཚུལ་ལ་རྟོག་ཞིབ་རྒྱུས་ལོན་བྱས། རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་འཕྲོད་བསྟེན་ཁང་དུ། ཝུའུ་ཞའོ་ཅུན་གྱིས་ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་སྨན་བཅོས་འགན་སྲུང་ཞབས་ཞུ་ནུས་པ་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། གཞི་རིམ་གྱི་སྨན་བཅོས་མི་སྣ་རྣམས་ལ་མང་ཚོགས་ཀྱི་བདེ་ཐང་ཞབས་ཞུའི་ཐད་ཀྱི་བློས་ཐུབ་གྲོགས་པོ་བྱེད་རྒྱུའི་སྐུལ་སློང་བཏང་། རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་དང་ཡུས་ཧྲུའུ་གྲོང་ཁྱེར་རིན་པོ་གྲོང་རྡལ། འབྲི་སྟོད་རྫོང་ལི་ཞིན་ཡུལ་ཚོ་བཅས་སུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོ་རྟེན་གཞི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རོང་བོ་རྒྱལ་སྤྱིའི་བརླན་ས་གལ་ཆེན། འབྲི་ཆུའི་ཁུགས་སོ་དང་པོ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། མང་ཚོགས་ཀྱིས་དབྱར་རྩ་བརྐོས་ནས་ཡོང་སྒོ་འཕར་སྣོན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་བཟང་བོ་ནི་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས། མང་ཚོགས་ཀྱི་ཆེད་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་ཀྱིས་མང་ཚོགས་ལ་ཕན་འདོགས་པར་སྐུལ་འདེད་གཏོང་དགོས། ཡུས་ཧྲུའུ་གྲོང་ཁྱེར་རག་སྟོད་ཡུལ་ཚོ་བོ་རོག་སྡེ་བའི་སྐྱེ་ལྡན་ལུད་རྫས་བཟོ་གྲྭ་དང་ནོར་བུ་གླིང་ཁོར་ཡུག་སྲུང་སྐྱོབ་ཐོན་རྫས་བཟོ་གྲྭ། ཆུ་དམར་ལེབ་ནོར་གནག་རྒྱུད་བཟང་གསོ་སྤེལ་ར་བ། རྫ་སྐྱ་སྡེ་བའི་གནད་ཕིགས་དབུལ་སྐྱོར་ཁྱིམ་ཚང་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ས་ཚིགས་བཅས་ནས། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་འཁོར་རྒྱུག་དང་ཞིང་བར་འབྲེལ་འདྲིས་དང་ཞིང་བར་སྣེ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་ནན་གྱིས་བསྟན་དོན། རྩ་འཛུགས་ཅན་དང་གཞི་ཁྱོན་ཅན། ཚན་རྩལ་ཅན། ཚོང་རྟགས་ཅན་དུ་བསྒྱུར་བར་བརྟེན་ནས་ཚོང་གཉེར་ཆུ་ཚད་མཐོར་འདེགས་བཏང་སྟེ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བ་དང་ཕྱུག་པོར་བསྒྱུར་བར་སྣེ་ཁྲིད་བྱེད་དགོས།

ཡུས་ཧྲུའུ་ཁུལ་གྱི་རྫོང་དང་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་། གྲོང་གསེབ་དར་སྤེལ་ཅུའུ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་ཞུགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བར་སྔར་ལས་ཤུགས་འདོན་པ་དང་། ཕན་ཡོད་སྦྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་ཞིབ་དཔྱད་དུ་བརྩིས་ནས། ལས་འགན་གཙོ་བོ་ལག་བསྟར་ནན་མོ་བྱེད་པ་དང་། གྲུབ་འབྲས་གསར་པས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས། བྱ་བའི་གནད་ཕིགས་རང་བཞིན་ཇེ་དྲག་ཏུ་གཏོང་བར་སྔར་ལས་ཤུགས་སྣོན་པ་དང་། སྲིད་ཇུས་ལ་ཕྱོགས་ཡོངས་ནས་གོ་བ་ཟབ་མོ་ལེན་པ། གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས། བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་དགོས། བྱ་བའི་ཁ་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་བར་སྔར་ལས་ཤུགས་སྣོན་པ་དང་། ཡོང་སྒོ་འཕར་སྣོན་བྱེད་པའི་བྱ་བ་འབུར་དུ་ཐོན་པར་བྱས་ནས་དམ་འཛིན་བྱེད་པ། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་ལྟ་ཞིབ་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་པ། འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ། ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ཟབ་མོར་སྤེལ་བ། ལས་གཞིའི་མ་དངུལ་ལ་དོ་དམ་ནན་མོ་བྱེད་པ། གྲོང་གསེབ་འཛུགས་སྐྲུན་བྱས་ཏེ། གྲོང་གསེབ་བཅོས་སྐྱོང་ཐད་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་དགོས། བྱ་བའི་འགན་འཁྲི་གཏན་ཁེལ་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་ལས་རིགས་སྡེ་ཁག་གི་འགན་འཁྲི། སྡེ་སྡོད་རོགས་སྐྱོར་གྱི་འགན་འཁྲི་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ནུས་ཤུགས་ལྡན་པའི་རྩ་འཛུགས་མགོ་ཁྲིད་དང་བདེན་འཛིན་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ། འཐུས་ཚང་ཕན་ལྡན་གྱི་ལག་བསྟར་རྐྱེན་སྲོལ་ལ་བརྟེན་ནས། བྱ་བ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་ལ་སྔར་ལས་ཤུགས་སྣོན་པ་དང་། བདེ་འཇགས་ཐོན་སྐྱེད་དང་ཞོད་འགོག་གྲ་སྒྲིག ཡོམ་འགོག་རྒུད་སྐྱོབ་སོགས་བྱ་བར་གཅིག་འདོམས་དམ་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་ཇེ་མཐོར་གཏོང་དགོས།

ཚེ་རིང་ཐར་གྱིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།