ལིས་ཆང་གིས་འཇར་མན་གྱི་ཙུང་ལི་དང་གྲོས་མོལ་མཛད།
2023.06.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 5

ས་དེའི་དུས་ཚོད་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པོ་ལིན་གྱི་ཙུང་ལི་བཞུགས་ཤག་ནས་འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚི་དང་གྲོས་མོལ་མཛད།

ལི་ཆང་གིས་བསྟན་དོན། ན་ནིང་གི་ཟླ11པར་སྐུ་ཞབས་ཙུང་ལིས་ཀྲུང་གོར་འཚམས་འདྲི་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་བརྗེ་རེས་གཏིང་ཟབ་བྱས་ནས་ཀྲུང་འཇར་འབྲེལ་བའི་མ་འོངས་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས། ཀྲུང་གོ་དང་འཇར་མན་ནི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་གི་ཕན་ཚུན་བློ་གཏད་ཆོག་པའི་མཉམ་ལས་སྤུན་ཟླ་ཡིན། ཀྲུང་གོ་དང་འཇར་མན་བར་འབྲེལ་བ་བཙུགས་ནས་ལོ་ང་གཅིག་གི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་ལ་བརྟེན་ནས་བརྗེ་རེས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཏོད་དེ་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་བཏང་ཡོད། ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་རྒྱུ་མ་ཟད། འཛམ་གླིང་ལ་དྲང་ནུས་དང་བརྟན་ལྷིང་རང་བཞིན་སྔར་ལས་མང་བོ་སྣོན་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དུས་རབས་ཕྱེད་ཀ་ལྷག་ཙམ་ལ་འཕེལ་རྒྱས་ཕྱིན་པ་དང་། ད་ལྟའི་གྲུབ་འབྲས་འདི་འདྲ་ཐོབ་པ་ནི་ལས་སླ་མོ་ཞིག་གཏན་ནས་མིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་འབྲས་དངོས་ཐོབ་ཡོད། འཇར་མན་ཕྱོགས་ཀྱིས་སྒོ་འབྱེད་རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་དང་རང་བཙན་རང་བདག་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་སྒྲིག་སྲོལ་རྨང་གཞིར་བྱེད་པ་དང་། གན་རྒྱའི་དགོངས་དོན་རྩ་དོན་དུ་བྱས་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་མི་སྣའི་འགྲོ་འོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུ་དེ་སླད་ཕྱིན་ཀྲུང་འཇར་མཉམ་ལས་ཀྱི་མཛུབ་ཁྲིད་འདུ་ཤེས་ཤིག་ཏུ་བརྩིས་ནས། ལྗང་མདོག་ཚན་རྩལ་དང་ཐོན་ལས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་ནུས་ཁུངས་ཐོན་ལས་ཕྲེང་འབྲེལ་གྱི་ལུགས་མཐུན་དང་གོ་རིམ་ལྡན་པའི་ལས་བགོས་རྒྱག་སྟངས་འཛུགས་རྒྱུ་འཚོལ་ཞིབ་བྱེད་པར་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས།

ཧྲོ་ཨར་ཚི་ཡིས་བསྟན་དོན། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། དེ་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་ཕན་པ་ཡོད་པས། འཇར་མན་ཕྱོགས་ཀྱིས་རྣམ་པ་གང་རུང་གི་སྟེང་ནས་འབྲེལ་ཐག་གཅོད་རྒྱུར་ངོ་རྒོལ་བྱེད་ཀྱིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་འབྲེལ་བར་གཞོལ་ནས་ཕྱོགས་གཉིས་བར་གྱི་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་པ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཐད་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སྔར་ལས་མང་པོ་ཆགས་པར་བྱེད་འདོད་ཡོད་ལ། འཇར་མན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་དངུལ་གཏོང་ལ་རྒྱབ་སྐྱོར་བྱས་ནས་ཀྲུང་གོའི་ཁེ་ལས་འཇར་མན་དུ་མ་དངུལ་གཏོང་དུ་ཡོང་བར་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཟེར།

ཝུའུ་ཀྲིན་ལུང་གྲོས་མོལ་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།