ཝང་ཧུའུ་ཉིང་འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་ཀྱི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུར་ཞུགས།
2023.06.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 7

འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་ཀྱི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཚེས་ཉི་ཤུ་ཉིན་པེ་ཅིང་དུ་བསྡུས། འབྲེལ་ཡོད་དམངས་གཙོ་ཏང་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱིས་འབྲེལ་ཡོད་རྟོག་ཞིབ་སྤེལ་བའི་གྲུབ་འབྲས་ལ་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཏང་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནང་མཁོ་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཏན་ཏིག་གིས་རྟོག་དཔྱོད་ཞིབ་འཇུག་གལ་ཆེན་དང་སྲིད་ཏང་བར་གྱི་གྲོས་མོལ་བྱ་བ་སྤེལ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཝང་ཧུའུ་ཉིང་གིས་བསྟན་དོན། འཛད་སྤྱོད་སླར་གསོ་དང་རྒྱ་བསྐྱེད་པར་ངོས་འཛིན་ཟབ་མོ་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བྱ་སྤྱོད་ཡིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་གདམ་གསེས་མངོན་འགྱུར་བྱེད་པ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་འདུས་པའི་རེ་བ་མངོན་འགྱུར་བྱེད་པ། སྤུས་ཚད་མཐོ་བའི་རྟོག་ཞིབ་བྱ་བ་སྤེལ་ནས། འཛད་སྤྱོད་སླར་གསོ་དང་རྒྱ་བསྐྱེད་པར་ཇུས་འདོན་ཤུགས་འབུལ་བྱེད་དགོས། འག་འཁྲི་དངོས་འབེབས་དང་འདྲིལ་ཤུགས་ཆགས་པར་བྱས་ནས་རྒྱུན་ཆད་མེད་པར་རྟོག་ཞིབ་ཀྱི་ནུས་པ་དང་འགན་འཁྲིའི་ནུས་པ། གྲོས་མོལ་ཆུ་ཚད་བཅས་མཐོར་འདེགས་བྱེད་དགོས། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས་དང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙོ་ཅོན། རྒྱལ་ཡོངས་བཟོ་ཚོང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལིས་ཏའོ་ཁོས་བཅས་ཀྱིས་རྟོག་ཞིབ་མཇུག་འབྲས་མཚམས་སྦྱོར་བྱས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་འཛད་སྤྱོད་སླར་གསོ་དང་རྒྱ་བསྐྱེད་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། དངོས་གཉེར་དྲང་བདེན་གྱི་སྲིད་ཇུས་གྲོས་གཞི་བཏོན།

ཧྲི་ཐེ་ཧྥུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། བཟོ་ལས་དང་བརྡ་འཕྲིན་ཅན་གྱི་ལས་དོན་པུའུ། ནོར་སྲིད་པུའུ། ཚོང་དོན་པུའུ། རིག་གནས་དང་གནས་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་ཏང་ཕྱིའི་མི་སྣས་གྲོས་མོལ་བརྗེ་རེས་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་ཉི་ཤུ་བའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།