ཞི་ཅིན་ཕིང་གིས་པུ་ལི་ཧྲིའི་མཛའ་མཐུན་མི་སྣ་གྲགས་ཅན་ལ་འཕྲིན་ལན་བསྐུར།
2023.06.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 8

ཉེ་སྔོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ལི་ཧྲིའི་མཛའ་མཐུན་མི་སྣ་གྲགས་ཅན་ཏུང་པའོ་ལ་འཕྲིན་ལན་བསྐུར་ནས། ཁོས་མུ་མཐུད་དུ་ཀྲུང་གོ་དང་པུ་ལི་ཧྲི། ཀྲུང་གོ་དང་ཡོ་རོབ་གླིང་གི་མཛའ་མཐུན་ཐད་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱོད་ཀྱི་བརྩེ་བས་ཁེངས་པའི་འཕྲིན་ཡིག་བཀླགས་རྗེས། ངས་ཉིས་སྟོང་བཅུ་བཞི་ལོར་ལྕམ་མོ་དང་མཉམ་དུ་པུ་ལི་ཧྲི་རུ་འཚམས་འདྲི་བྱེད་སྐབས། རྒྱལ་བོ་ཧྥེ་ལེ་ཕུའུ་བཟའ་ཟླ་གཉིས་དང་མཉམ་དུ་སུམ་རྩེན་སྲོག་ཆགས་གླིང་གའི་དོམ་ཁྲའི་གླིང་ག་སྒོ་འབྱེད་པའི་མཛད་སྒོར་ཞུགས་པའི་སྣང་ཚུལ་དེ་ཡིད་ལ་དྲན་བྱུང་། ལོ་དེར་ལྷ་ཡུལ་སྲོག་ཆགས་གླིང་གར་འདེབས་འཛུགས་བྱས་པའི་སྣ་མའི་མེ་ཏོག་སྨུག་པོའི་སྡོང་བོ་དེར་ད་ལྟ་མེ་ཏོག་གིས་ཡོངས་སུ་བརྒྱན་ཡོད་པ་དང་། ཀྲུང་གོའི་མཛའ་མཐུན་ཕོ་ཉ་ཡིན་པའི་དོམ་ཁྲ་གཉིས་ཀྱང་བདེ་བླག་ངང་འཚར་ལོངས་འབྱུང་བཞིན་ཡོད་པ་ཤེས་རྗེས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཀྲུང་གོས་ཧུར་ཐག་སྒོས་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་བཟོ་སྐྲུན་ཆེན་མོ་ལག་བསྟར་བྱས་ཏེ། རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་དང་སྐྱེ་དངོས་སྐོར་ཞིག་ལ་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོབ་ཐོབ་ཡོད། ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོ་འཛིན་དང་ལྷད་མེད་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བགྲོད་བཞིན་ཡོད་ཅིང་། འཛམ་གླིང་ཡོངས་ལ་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱས་ཏེ་མིའི་རིགས་ཡོངས་ཀྱི་གོང་འཕེལ་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན། ཀྲུང་གོ་དང་པུ་ལི་ཧྲིའི་འབྲེལ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མཛའ་མཐུན་མི་སྣའི་དུས་ཡུན་རིང་བོའི་འབད་བརྩོན་དང་སྒེར་སེམས་མེད་པའི་གཏོང་ཕོད་ལ་འབྲལ་ཐབས་མེད། ཁྱོད་དང་མཛའ་མཐུན་མི་སྣ་གཞན་པས་མུ་མཐུད་དུ་མཛའ་མཐུན་གྱི་ས་བོན་གཏོར་ཏེ། སྔར་ལས་མང་བའི་མང་ཚོགས་དང་ཁྱད་པར་དུ་ན་གཞོན་དག་མཛའ་མཐུན་ལས་དོན་ཁྲོད་ཞུགས་པར་བློ་འགུག་བྱས་ནས། ཀྲུང་གོ་དང་པུ་ལི་ཧྲི། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་ཐུབ་པར་ཡིད་ཆེས་ཡོད།

ཉེ་སྔོན་པུ་ལི་ཧྲིའི་སུམ་རྩེན་སྲོག་ཆགས་གླིང་གའི་ཏུང་ཧྲི་ཀྲང་། སྲོལ་འབྱེད་མཁན་ཏུང་པའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལོས་ཡོན་རྣམ་གཉིས་ཀྱིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པར་པུ་ལི་ཧྲི་རུ་འཚམས་འདྲི་མཛད་སྐབས་སུམ་རྩེན་སྲོག་ཆགས་གླིང་གའི་དོམ་ཁྲའི་གླིང་གའི་སྒོ་འབྱེད་མཛད་སྒོར་ཞུགས་སྐབས་ཀྱི་རྣམ་པར་ཕྱིར་དྲན་བྱས་པ་དང་། ཀྲུང་གོའི་སྤྱི་གླིང་ལས་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་འདུ་ཤེས་མངོན་པར་མཚོན་ཡོད་ལ། ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོའི་འཕེལ་རྒྱས་དར་རྒྱས་ནི་དུས་གཏན་དུ་མཉམ་སྤྱོད་བྱེད་ཆོག་པའི་གོ་སྐབས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།