ས་དེའི་དུས་ཚོད་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཕ་རེ་སི་ནས་ཀྲུང་གོ་དང་ཧྥ་རན་སིའི་བཟོ་ཚོང་ལས་རིགས་ཀྱི་དགོང་ཚིགས་གྲོས་ཚོགས་ལ་ཞུགས་པར་མ་ཟས་ཤིས་ཚིག་ཕུལ། ཧྥ་རན་སིའི་ཁེ་ལས་དང་། ནོར་སྲིད་བཟོ་ལས། གཞི་གྲངས་གཙོ་དབང་པུའུ་ཡི་པུའུ་ཀྲང་ལེ་མེ་ཨར་དང་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་གྲོས་ཚོགས་ལ་ཞུགས།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུར་ཉེ་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་ནམ་ཡང་གོང་འཕེལ་ལེགས་པོ་བྱུང་ཡོད་པ་དང་། ཀུན་གྱིས་ཡིད་སྨོན་བྱེད་པའི་མཉམ་ལས་ཀྱི་གྲུབ་འབྲས་བླངས་ཡོད། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བར་བརྟན་འཇགས་རང་བཞིན་དང་དུས་རབས་རང་བཞིན། འཛམ་གླིང་རང་བཞིན་བཅས་ཀྱི་མངོན་གསལ་གྱི་ཁྱད་ཆོས་ལྡན་ལ། རྒྱལ་ཁབ་གཉིས་ཀས་མཐུན་སྒྲིལ་གྱིས་ཁ་ཐོར་གྱི་ཚབ་བྱེད་པ་དང་མཉམ་ལས་ཀྱིས་འགོག་རྒོལ་གྱི་ཚབ་བྱེད་པའི་འདོད་བློ་བཅངས་ཡོད་པ་དང་། གཉིས་ཀས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པར་འབད་བཞིན་ཡོད་ལ། འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགྲན་སློང་ལ་ལག་གདང་མཉམ་སྦྲེལ་གྱིས་ཁ་གཏད་འཇལ་བཞིན་ཡོད། འདིའི་ཐད་ལ་ང་ཚོས་ལྡབ་འགྱུར་གྱིས་གཅེས་སྤྲས་དང་གཙིགས་འཛིན་བྱེད་འོས་པ་དང་སེམས་ཞིབ་མོས་སྲུང་སྐྱོབ་བྱེད་འོས།
ལིས་ཆང་གིས་ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་གྲོས་གཞི་གསུམ་བཏོན། གཅིག འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གྱི་བདེ་འཇགས་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ཕན་ཚུན་ལ་བརྟེན་པ་ནི་དཔལ་འབྱོར་འཛམ་གླིང་ཅན་གྱི་ལྡོག་མེད་མཇུག་འབྲས་ཡིན། ཀྲུང་གོ་དང་ཧྥ་རན་སིའི་བར་གྱི་ཆབ་སྲིད་ཀྱི་ཡིད་ཆེས་བཟང་བོར་བརྟེན་ནས་ང་ཚོས་ཕན་ཚུན་ལ་བརྟེན་པའི་ཁྲོད་དུ་བརྟན་འཇགས་རང་བཞིན་དང་ངེས་གཏན་རང་བཞིན། ཐུན་མོང་གི་འཕེལ་རྒྱས་གོ་སྐབས་བཅས་ཡིན་པ་ལས་ཉེན་ཁ་གཏན་ནས་མིན། ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པས་དཔལ་འབྱོར་འཛམ་གླིང་ཅན་ལ་བློ་བརྟན་འགྱུར་མེས་སྒོས་རྒྱབ་སྐྱོར་བྱེད་རྒྱུ་དང་། སྒོ་འབྱེད་མཉམ་རྒྱལ་དང་དངོས་གཉེར་མཉམ་ལས་ཀྱི་འགུལ་སྐྱོད་པ་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སི་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གྱི་བརྟན་འཇགས་དང་སྒུལ་ནུས་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་བཅངས་ཡོད། གཉིས། ཀྲུང་གོ་དང་ཧྥ་རན་སིའི་གསར་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཧྥ་རན་སིས་སྨན་རྫས་དང་ནུས་ཁུངས་གསར་པའི་གློག་གཡིས་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་བརྗ་རེས་ལ་གསར་གཏོད་ཀྱི་གྲུབ་འབྲས་མང་བོ་ཐོབ་ཡོད། མ་འོངས་པར་ཕྱོགས་གཉིས་ཀར་མཐོ་རིམ་གསར་བཟོ་དང་དེང་རབས་ཞབས་ཞུའི་ལས་རིགས། ལྗང་མདོག་ཚུལ་སྒྱུར། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན། ཕྱོགས་གཉིས་ཀྱིས་ཁེ་ལས་བར་གྱི་གསར་གཏོད་དང་ལག་རྩལ་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ལ་སྒུལ་ནུས་གསར་པ་སྣོན་དགོས་པ་དང་འཕར་སྣོན་གྱི་གནས་གསར་པ་བསྐྱེད་དགོས། གསུམ། ཚོང་གཉེར་གྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་སྒོ་འབྱེད་ཚད་རྒྱ་བསྐྱེད་དེ། དེང་རབས་ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་ཀྱི་ཁྲོམ་རར་འཇུག་པའི་ཆ་རྐྱེན་ཇེ་ལྷོད་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོ་རུ་ཁྲིམས་མཐུན་ཁེ་དབང་ལོངས་སུ་སྤྱོད་པར་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཁྲོམ་རའི་སྒོ་ཆེ་རུ་ཕྱེས་ནས། ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཅངས་ཡོད། ང་ཚོས་ཧྥ་རན་སིའི་ཁེ་ལས་མུ་མཐུད་དུ་ཀྲུང་གོའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་ལ་ཞུགས་ཏེ། ཀྲུང་གོའི་ཁྲོམ་ར་སྔར་ལས་རྒྱ་བསྐྱེད་པར་དགའ་བསུ་ཞུ་བཞིན་ཡོད།
ལིས་ཆང་གིས་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པས་ཡིད་ཆེས་ཆེར་སྐྱེད་དང་གོ་སྐབས་དམ་འཛིན། མཉམ་དུ་འབད་བརྩོན་བཅས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་དུ་ཁེ་ལས་ཀྱི་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་བྱས་ནས། ཀྲུང་གོ་དང་ཧྥ་རན་སི་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ཡུན་རིང་བོར་བརྟན་འཇགས་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་གནང་།
ལེ་མེ་ཨར་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་དུ་སོང་བ་ཧ་ཅང་བཟང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཧྥ་རན་སིའི་ཁེ་ལས་ཀྱིས་ཀྲུང་གོ་རེ་སྒུག་བྱས་ཡོད་ལ། མཁའ་འགྲུལ་དང་ཟས་རིགས། བསྐྱར་འབྱུང་ནུས་ཁུངས་སོགས་ཁྱབ་ཁོངས་སུ་མཉམ་ལས་ཟབ་མོ་བྱེད་རྒྱུ་དང་། སྤུས་ཚད་མཐོ་བའི་གྲོགས་པོའི་འབྲེལ་བ་བཙུགས་ནས། མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
ཝུའུ་ཀྲིན་ལུང་སོགས་དགོང་ཚིགས་གྲོས་ཚོགས་ལ་ཞུགས།