ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྒུལ་ནུས་འདོན་སྤྲོད་བྱེད་པར་དམིགས་ནས་གྲོས་མོལ་ཇུས་འདོན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་། ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་ཀྲང་ཞའོ་རོང་། ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་སྟེང་། ཝང་ཞོན་གྱིས་དུས་རིམ་སྔོན་མའི་བརྟག་དཔྱད་ཞིབ་འཇུག་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཨུ་ཡོན་དང་ཆེད་མཁས་པ་ལྔ་ཡིས་གཏམ་བཤད། གྲོས་ཚོགས་སྟེང་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་བཅུ་དགུ་པར་འགྲེམ་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།
ཨུ་ཡོན་རྣམས་ཀྱིས་བལྟས་ན། ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་པར་མ་ཟད། འབྲེལ་ཡོད་སྲིད་ཇུས་ཕྱིར་བཏོན་ཏེ་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་ནུས་མངོན་པར་བྱས་ཡོད་པར་འདོད། གནས་པའི་མི་འདང་སར་དམིགས་ཏེ་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་སྲིད་ཇུས་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ་སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་ཆེན་པོར་དམིགས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁེ་ལས་ཀྱི་ཚན་རྩལ་གྲུབ་འབྲས་བསྡུ་ལེན་མ་ལག་འཛུགས་པ། གསར་སྐྲུན་གཙོ་གཞིའི་གསོ་སྐྱོང་ཇེ་དྲག་ཏུ་བཏང་སྟེ་ཁེ་ལས་ཀྱི་གསར་སྐྲུན་གསོན་ཤུགས་བསྐྱེད་པ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ་ཆེད་ལས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། སྟེགས་བུ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཁྲོམ་རའི་དགོས་མཁོའི་སྦྲེལ་མཐུད་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་དགོས་པ་བཅས་ཀྱི་གྲོས་གཞི་བཏོན།
ལིའུ་ཁྲའོ་ཡིས་གཏམ་བཤད་ཁྲོད་གྲོས་མོལ་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། རང་ཞིང་གི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱ་བའི་འཕེལ་རིམ་དང་དུས་རིམ་རྗེས་མའི་བསམ་ཕྱོགས་བྱེད་ཐབས་མཚམས་སྦྱོར་བྱས། ཁོས་གནད་དོན་ཁྲིད་ཕྱོགས་དང་སྲིད་ཇུས་མཐུན་སྦྱོར། བྱེད་ཐབས་མཐུན་སྦྱོར། ཕྱི་ནང་མཐུན་སྦྱོར་བཅས་ཀྱི་ཐད་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་ཞིང་གི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཆུ་ཚད་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྒུལ་ནུས་འདོན་སྤྲོད་བྱེད་པར་དམིགས་ཏེ་གྲོས་མོལ་ཇུས་འདོན་བྱེད་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ལག་ལེན་དངོས་ཡིན་ལ། གསར་སྐྲུན་རྣམ་པའི་ཞིང་ཆེན་འཛུགས་སྐྲུན་གྱི་བྱེ་བྲག་གི་འགུལ་སྐྱོད་ཀྱང་ཡིན། ཐེངས་འདིའི་གྲོས་མོལ་ཚོགས་འདུས་བརྗོད་དོན་འདེམ་པའི་ལངས་གནས་མཐོ་བ་དང་བརྟག་དཔྱད་བྱས་པ་ནན་མོ་ཡིན་ལ། གཏམ་བཤད་བརྗོད་དོན་འབུར་ཐོན་ཡིན་པས། ཐུན་མོང་གི་ངོས་འཛིན་ཇེ་དྲག་ཏུ་གཏོང་བ་དང་བྱ་བར་སྐུལ་འདེད་གཏོང་བའི་དམིགས་འབེན་ལ་སླེབས་པར་བྱས། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚན་རྩལ་གསར་སྐྲུན་བྱ་བའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཚན་རྩལ་གྲུབ་འབྲས་སྔར་ལས་མང་པོ་གཙང་བོའི་འབྱུང་ཡུལ་གྱི་ས་གཞིའི་སྟེང་སྨིན་པར་བྱེད་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་སྦས་ཤུགས་དང་དགེ་མཚན་ལ་དམིགས་པ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་གཙོ་གནད་དང་དཀའ་གནད་གཅིག་བསྡུས་བྱེད་པ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ། བློ་འདོན་ཇུས་འབུལ་བཟང་བོ་བྱེད་པ་བཅས་བྱས་ཏེ་མཚོ་སྔོན་གྱི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བར་སྲིད་གྲོས་ཀྱི་རིག་སྟོབས་འབུལ་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།