ལིས་ཆང་དང་འཇར་མན་གྱི་ཙུང་ལི་མཉམ་དུ་སྐབས་བཅུ་གཅིག་པའི་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་དང་ཀྲུང་གོ་དང་འཇར་མན་གྱི་ཁེ་ལས་པའི་སྒོར་ཅོག་གྲོས་ཚོགས་ལ་ཞུགས།
2023.06.22 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་རྣམ་གཉིས་ས་དེའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་པའོ་ལིན་ནས་སྐབས་བཅུ་གཅིག་པའི་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་ཀྱི་མཇུག་བསྡུའི་མཛད་སྒོར་ཞུགས་ཏེ་གསུང་བཤད་གནང་། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་དང་ཁེ་ལས་ལས་རིགས་ཀྱི་འཐུས་མི་ཉིས་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས།

ལིས་ཆང་གིས་བསྟན་དོན། མིག་སྔའི་རྙོག་འཛིང་ཆེ་བའི་གནས་བབ་འོག མཉམ་ལས་ལ་ཤུགས་སྣོན་པ་ནི་གཉིས་ཕན་མཉམ་རྒྱལ་གྱི་བདེན་ལུགས་ཡིན་པ་དང་། ཤུགས་ཆེན་པོས་བསྒྲུབ་དགོས་པའི་ལས་དོན་གཙོ་བོའང་ཡིན། དཔལ་འབྱོར་ལག་རྩལ་མཉམ་ལས་དེ་རྒྱལ་སྤྱིའི་མཉམ་ལས་ཀྱི་རྨང་རྡོ་གལ་ཆེན་ཡིན་པའི་ཆ་ནས། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་གྱི་གནས་བབ་ཆེན་མོ་ནན་འཛིན་བྱེད་པ་དང་། རང་དབང་ཉོ་ཚོང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས། མིའི་རིགས་ཀྱི་ཐུན་མོང་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཐད་ད་ལྟའི་གྲུབ་འབྲས་འདི་འདྲ་ལོན་ཐུབ་པའི་གནད་འགག་དེ་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཕན་མཉམ་རྒྱལ། དངོས་གཉེར་གསར་གཏོད་བཅས་ཀྱི་མཉམ་ལས་སྙིང་སྟོབས་ལ་རག་ལས་ཡོད། ཀྲུང་གོ་དང་འཇར་མན་གྱིས་ལག་གདང་སྦྲེལ་ནས་དཔལ་འབྱོར་ལག་རྩལ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་དཔེ་སྟོན་དང་སྣེ་ཁྲིད་བྱེད་དགོས་ཟེར།

ཧྲའོ་ཨར་ཚི་ཡིས་བསྟན་དོན། འཇར་མན་རྒྱལ་ཁབ་འཛམ་གླིང་ཧྲིལ་བོ་ཅན་དང་འགལ་བའི་བགྲོད་ལམ་དུ་བསྐྱོད་མི་སྲིད་པ་དང་། སྒོ་འབྱེད་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཤིང་། མུ་མཐུད་དུ་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་རིམས་ནད་རྗེས་སུ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་དང་གྲོས་མོལ་ལ་བརྟེན་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཁྲོད་གནས་པའི་གནད་དོན་ཐག་གཅོད་འདོད་ཡོད་ཟེར།

ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་ལ་མ་ཞུགས་གོང་། ལིས་ཆང་དང་ཧྲའོ་ཨར་ཚི་རྣམ་གཉིས་ད་རུང་ཀྲུང་གོ་དང་འཇར་མན་གྱི་ཁེ་ལས་པའི་སྒོར་ཅོག་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་གོ་དང་འཇར་མན་གྱི་ཁེ་ལས་པའི་འཐུས་མི་སུམ་ཅུ་ལྷག་དང་མཉམ་དུ་བཞུགས་མོལ་བརྗེ་རེས་མཛད།

ལིས་ཆང་གིས་བསྟན་དོན། དཀའ་ཁག་དང་འགྲན་རྩོད་ཐག་གཅོད་པར་མཉམ་ལས་ནི་ཐར་ལམ་ཉག་ཅིག་ཡིན་ལ། ཆེས་བཟང་བའི་བྱེད་ཐབས་ཀྱང་ཡིན། ཀྲུང་གོས་མགོ་རྩོམ་ས་གསར་བའི་སྟེང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་རིམ་པ་དང་པོའི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་རྒྱུ་ཡིན། འཇར་མན་ཕྱོགས་ཀྱིས་མུ་མཐུད་དུ་ཚོང་རའི་སྒོ་འབྱེད་སྲུང་འཛིན་བྱེད་པ་དང་། ཀྲུང་གོའི་ཁེ་ལས་འཇར་མན་དུ་ཡོང་ནས་དངུལ་གཏོང་ཚོང་གཉེར་བྱེད་པར་འདྲ་མཉམ་དང་མངོན་གསལ། མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ལ་ཞུགས་པའི་ཕྱོགས་གཉིས་ཀྱི་ཁེ་ལས་པས་བསྟན་དོན། ཀྲུང་གོ་དང་འཇར་མན་ནི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལས་རིགས་ཀྱིས་སྒོ་འབྱེད་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདོན་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བརྗེ་རེས་དང་དཔེར་འཛིན་ལ་ཤུགས་སྣོན་པ་དང་། གསར་གཏོད་དང་གྲངས་ལྡན་དཔལ་འབྱོར། ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཆུ་ཚད་མཐོ་བའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འདོད་བློ་བཅངས་ཡོད་ཟེར།

ཝུའུ་ཀྲིན་ལུང་གོང་གི་བྱ་འགུལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།