ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་རེ་སིའི་ཨེ་ལོས་ཧྲི་ཕོ་བྲང་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།
ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་རེ་སིའི་ཨེ་ལོས་ཧྲི་ཕོ་བྲང་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཁི་ལུང་ལ་སྙིང་ཉེ་བའི་ཁམས་འདྲི་མཛད་པ་བརྒྱུད་སྒྲོག་བྱས། ལིས་ཆང་གིས་བསྟན་དོན། སྐུ་ཞབས་ཙུང་ཐུང་གིས་ཅང་མ་འགོར་བའི་སྔོན་དུ་ཀྲུང་གོར་འཚམས་འདྲི་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱས་པ་དང་། འཐབ་ཇུས་ཀྱི་ཐུན་མོང་ལྟ་ཚུལ་མང་བོ་བཀོད་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འཕེལ་རྒྱས་ལ་ཇུས་འགོད་བྱས་ཡོད། ངས་ཧྥ་རན་སི་རུ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པ་དང་། ཧྥ་རན་སིའི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ཟབ་མོར་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱེད་ཆེད་ཡིན།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་དང་། ཀྲུང་གོ་དང་ཡོ་རོབ་གླིང་ལ་རང་རང་གི་ཁྱད་སྟོབས་ཡོད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཉིང་རྡུལ་ནུས་པ་དང་མཁའ་འགྲུལ་མཁའ་སྐྱོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་བའི་ཞོར་དུ། ཁོར་སྲུང་དང་གྲངས་ལྡན་དཔལ་འབྱོར། མིའི་ཐབས་ཀྱི་རིག་ནུས། སྔོན་ཐོན་བཟོ་སྐྲུན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དག་ཧྥ་རན་སི་རུ་ཡོང་ནས་དངུལ་གཏོང་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ལ། ཧྥ་རན་སིའི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུས།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པ་དང་འགན་ཁུར་བའི་རྒྱལ་ཁབ་ཆེན་མོའང་ཡིན། ཐུན་མོང་གི་འཐབ་ཇུས་ལྟ་བ་དང་ཆེ་ཕྱོགས་ལྟ་བ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཐད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་། ཕ་རོལ་བའི་ནུས་ལྡན་གྲོས་གཞི་རྒྱུན་འཁྱོངས་བྱེད་པ་དང་། མཉམ་དུ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱས་ནས། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་འདོད་ཡོད།
མཱ་ཁི་ལུང་གིས་ད་ལོའི་ཟླ་བཞི་བར་ཀྲུང་གོར་འཚམས་འདྲི་བྱས་པའི་གནད་དོན་ཕྱིར་དྲན་བྱས་པ་དང་། ལིས་ཆང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་ཁམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས། མཱ་ཁི་ལུང་གིས་ལིས་ཆང་གིས་ཧྥ་རན་སི་རུ་འཚམས་འདྲི་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་དངུལ་གསོག་ཆིངས་ཡིག་གསར་བའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་པ་དང་། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་འཐབ་ཇུས་གྲོས་མོལ་དང་རིམ་པ་མཐོ་བའི་དཔལ་འབྱོར་ནོར་སྲིད་གྲོས་མོལ། རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་རྐྱེན་སྲོལ་བཅས་ལ་བརྟེན་ནས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས། མཁའ་འགྲུལ་མཁའ་སྐྱོད་དང་ཉིང་རྡུལ་ནུས་པ། ཞིང་ལས་འབྲུ་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཀྲུང་གོའི་ཁེ་ལས་ཧྥ་རན་སིར་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་བྱེད་པ་དང་། ལྷད་མེད་ཁོར་སྲུང་དང་ནུས་ཁུངས་གསར་བ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། འགྲན་རྩོད་ཀྱིས་ཁེངས་པའི་འཛམ་གླིང་སྟེང་ཧྥ་རན་སི་དང་ཀྲུང་གོས་ཕན་ནུས་ལྡན་པའི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། འཛམ་གླིང་ཡོངས་ཅན་གྱི་གནད་དོན་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ཝུའུ་ཀྲིན་ལུང་སོགས་མཇལ་འཕྲད་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།