ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་རེ་སི་ནས་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ལ་མཇལ་འཕྲད་གནང་།
ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་རེ་སི་ནས་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་གི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་ཡིད་ཆེས་བྱས་ནས་སྐྱིད་སྡུག་མཉམ་མྱོང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་། མི་རིགས་རང་བཙན་དང་མངའ་ཁོངས་ཆ་ཚང་བར་རྒྱབ་སྐྱོར་བྱས་ཏེ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས། ཕཱ་ཁི་སི་ཐན་ཕྱོགས་ཀྱི་གཏན་འཇགས་དང་འཕེལ་རྒྱས། དར་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་བའི་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་གཞི་བཏོན་པའི་ལོ་བཅུ་བ་ཡིན་པ་དང་། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ལག་བསྟར་བྱས་པའི་ལོ་བཅུ་བའང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། མཉམ་དུ་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་ལས་གཞི་ཆེན་མོའི་འཛུགས་སྐྲུན་དམ་འཛིན་བྱས་ཤིང་། བར་ཁྱམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་འདོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་དུ་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་འབྱུང་བ་དང་། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ནང་གི་རིགས་སྣ་ཚོགས་ཀྱི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་བཏང་སྟེ་ཀྲུང་གོའི་ཕཱ་ཁི་སི་ཐན་དུ་ཡོད་པའི་ལས་ཁུངས་དང་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས་ལ། ཀྲུང་གོ་དང་ཕཱ་ཁི་སི་ཐན་རྒྱལ་ཁབ་གཉིས་དང་། ཐ་ན་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས།
ཞཱ་པཱ་ཙི་ཡིས་བསྟན་དོན། ཕཱ་ཁི་སི་ཐན་དང་ཀྲུང་གོ་ནི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་རྨང་གཞི་བརྟན་པོ་ཡོད། ཕཱ་ཁི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་ཇེ་ཟབ་ཏུ་གཏོང་བ་ནི་ཕཱ་ཁི་སི་ཐན་གྱི་ལས་རིགས་སོ་སོའི་ཐུན་མོང་ལྟ་བ་ཡིན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་ཕཱ་ཁི་སི་ཐན་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཤིང་། ཀྲུང་གོས་རྒྱལ་ཁབ་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོའི་བར་ལག་རྡང་སྦྲེལ་ནས་ཕཱ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད།
ཝུའུ་ཀྲིན་ལུང་སོགས་མཇལ་འཕྲད་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།