ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་རེ་སི་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་ལ་མཇལ་འཕྲད་གནང་།
ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་རེ་སི་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་དང་མཉམ་དུ། སྐབས་གསར་བའི་ཀྲུང་གོ་དང་ཡོ་རོབ་གླིང་གི་མགོ་ཁྲིད་པའི་གྲོས་མོལ་བཟང་བོར་སྤེལ་ནས། ལྷད་མེད་དང་དཔལ་འབྱོར་ཉོ་ཚོང་། གྲངས་ལྡན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ཐད་གོ་སྐབས་གསར་བ་བསྐྲུན་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ཡོངས་ལ་གོ་སྐབས་བསྐྲུན་པ་ལས་ཉེན་ཁ་བཟོས་མེད་ལ། འཛམ་གླིང་ཡོངས་ཀྱི་ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གཏན་འཇགས་ཡོང་བར་བྱས་པ་ལས་གནོད་པ་ཐེབས་སུ་བཅུག་མེད། ཡོ་རོབ་གླིང་ཕྱོགས་ཀྱིས་དངོས་ཡོད་དང་མཐུན་པའི་སྒོ་ནས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ལྟ་སྟངས་ཡང་དག་བཟུང་སྟེ། ཀྲུང་གོ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་དངོས་གཉེར་མཉམ་ལས་ཀྱི་རྣམ་པ་བཟང་བོར་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་བློ་གཏད་རང་བཞིན་དང་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་བར་གཞི་རྩའི་ཁེ་ཕན་གྱི་འགལ་བ་ཅི་ཡང་མེད་ལ། ཕྱོགས་གཉི་གར་ཕན་ཚུན་གྱི་འཕེལ་རྒྱས་ཁྲོད་ནས་ཁེ་ཕན་ཐོབ་ཡོད་བཞིན་ཡོད་ལ། འཐབ་ཇུས་རང་བདག་དབང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་འཛམ་གླིང་རང་བཞིན་གྱི་གྲོས་གཞིའི་ཐད་དུ་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་གིས་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས། མཉམ་ལས་གང་ལེགས་ལ་བརྟེན་ནས་དོགས་གཞི་མེད་པར་གཏོང་དགོས། དེ་ལྟར་བྱས་ན་ཀྲུང་གོ་དང་ཡོ་རོབ་གླིང་གི་ཐུན་མོང་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པ་དང་། ལག་རྡང་སྦྲེལ་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ལ། སྣེ་མང་ཅན་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་ཕན་པར་མ་ཟད། ཕྱོགས་གཉིས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་པས། འཛམ་གླིང་ཡོངས་ཀྱི་གཏན་འཇགས་རང་བཞིན་དང་དྲང་ཕྱོགས་ནུས་ཚད་ཀྱང་ཇེ་དྲག་ཏུ་གཏོང་ཐུབ།
མུས་ཞེ་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་བར་གྱི་འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། རིམ་པ་མང་བོའི་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་སྲ་བརྟན་ཡོང་བར་སྐུལ་འདེད་གཏོང་བ་དང་། མཉམ་དུ་ནམ་ཟླ་དང་འཕྲོད་བསྟེན་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་ཏེ། སྒོ་འབྱེད་དང་སྣེ་མང་ཅན་གྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།
ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་བསམ་འཆར་བརྗེ་རེས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།