ཝང་ཝེ་ཏུང་གིས་སྤྱོད་ཁང་གསར་བརྗེ་དང་ཇ་རྟའི་ཚོང་རའི་ཐོན་ལས་ཕྲེང་འབྲེལ་གཞི་གྲངས་ཅན་གྱི་སྟེགས་བུ་འཛུགས་སྐྲུན་བྱེད་པར་རྟོག་ཞིབ་བྱས།
2023.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་སྟོང་སྐོར་རྫོང་དུ་སོང་ནས་སྤྱོད་ཁང་གསར་བརྗེ་དང་ཇ་རྟའི་ཚོང་རའི་ཐོན་ལས་ཕྲེང་འབྲེལ་གཞི་གྲངས་ཅན་གྱི་སྟེགས་བུ་འཛུགས་སྐྲུན་བྱེད་པར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་ཀྱི་རྒྱུན་བསྐྱངས་ཏེ་ཆད་ལྷག་མེད་པར་དོན་འཁྱོལ་བྱེད་དགོས།

ཝང་ཝེ་ཏུང་སྔོན་ལ་མཚོ་སྔོན་གཙང་གསུམ་དབྱི་ལི་ཞིང་ལས་སྡེ་ཚོགས་ཚད་ཡོད་ཀུང་སི་རུ་སོང་ནས་ཇ་རྟའི་ཚོང་རའི་ཐོན་ལས་ཕྲེང་འབྲེལ་གཞི་གྲངས་ཅན་གྱི་སྟེགས་བུ་འཛུགས་སྐྲུན་དང་བརྗེ་རེས་འཁོར་སྐྱོད་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གྲོང་ཁྱེར་ཏང་ཨུའི་ཆེད་དོན་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཉན་ཞིང་ཡུལ་དངོས་ནས་ཁེ་ལས་ཀྱིས་རེ་ལྟོས་ཐད་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་སྟེང་མིག་དཔེ་སྟོན་པ་དང་སྔོན་ལ་སྐྱོད་དེ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ། ཕྱོགས་མང་པོས་རྒྱབ་སྐྱོར་བྱས་ནས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱེད་པ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། ཞབས་ཞུ་བཟང་པོ་སྒྲུབ་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་སྟེགས་བུ་བཟང་པོར་འཛུགས་པ་དང་བེད་སྤྱོད་གང་ལེགས་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ཕན་ཚུན་འབྲེལ་མཐུད་ནུས་ལྡན་བྱེད་པར་ཟུང་འབྲེལ་བྱས་ཏེ། ཇ་རྟའི་ཚོང་རའི་ཐོན་ལས་ཕྲེང་འབྲེལ་གཞི་གྲངས་ཅན་གྱི་སྟེགས་བུ་འཛུགས་སྐྲུན་བྱེད་པ་གཞི་འཛིན་སར་བྱས་ནས་ཐོན་ལས་ཕྲེང་འབྲེལ་རྒྱ་བསྐྱེད་པ་དང་མཁོ་སྤྲོད་ཕྲེང་འབྲེལ་ལེགས་སྒྱུར་བྱེད་པ། རིན་ཐང་ཕྲེང་འབྲེལ་མཐོར་འདེགས་བཏང་སྟེ་ཁེ་ལས་ཡོང་འབབ་འཕར་བར་རོགས་འདེགས་བྱས་ཏེ་མང་ཚོགས་ཕྱུག་འགྱུར་ཡོང་བར་བྱེད་དགོས།

ཏུང་ཞ་ཡུལ་ཚོ་ཧྲི་ཡ་སྡེ་བ་དང་པོ་ཞང་ཞོལ་མ་སྡེ་བར་ཝང་ཝེ་ཏུང་གིས་སྤྱོད་ཁང་གསར་བརྗེར་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། སྡེ་མའི་ཁྱིམ་དུ་སོང་ནས་ཡུལ་དངོས་ནས་ལྟ་ཞིབ་བྱས་ཤིང་མང་ཚོགས་དང་བརྩེ་བའི་གླེང་མོལ་བྱས་པ་དང་རེ་འདུན་དང་བསམ་འཆར་ལ་ཉན། ཁོས་ནན་གྱིས་བསྟན་དོན། གནད་དོན་ཁྲིད་ཕྱོགས་ཀྱི་རྒྱུན་བསྐྱངས་ཏེ་མང་ཚོགས་ཡིད་ཚིམ་པ་ཚད་གཞིར་བྱས་ནས་དངོས་ཐོག་གནས་ཚུལ་མཐིལ་རྟོགས་བྱེད་པ་དང་ས་ཁུལ་དང་བསྟུན་ནས་རིགས་དབྱེ་ནས་བྱེད་ཐབས་སྤྱོད་པ། སྟབས་བདེ་ཅན་གཏན་འགོག་བྱས་ནས་ཞིང་སྡེའི་སྤྱོད་ཁང་གསར་བརྗེའི་བྱ་བ་བཟང་པོར་བསྒྲུབ་པ་དང་དོན་དངོས་ལེགས་པར་བསྒྲུབ་ནས་ཞིང་སྡེའི་མང་ཚོགས་ཀྱི་མི་སྡོད་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་མཐོར་འདེགས་གཏོང་དགོས།

མི་ཕམ་མགོན་པོས་བསྒྱུར།