ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཞིན་ཆིན་ཁུལ་ཧྥུའུ་དབྱང་སྲེག་ཟས་ཁང་གི་སོལ་རླངས་འགོས་གཏོར་དོན་རྐྱེན་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གྲལ་བཤེར་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་འཆར་གཞི། ཟི་ལིང་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་བཅསལ་ལ་ཉན་ཞིང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས་བདེ་འཇགས་ཐོན་སྐྱེད་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ལ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ནམ་ཡང་གོ་གནས་དང་པོར་འཇོག་པའི་སྲིད་འཛིན་བརྩེ་སེམས་མཚོན་པར་བྱས་ཡོད་པ་དང་། ང་ཚོས་སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དེ་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་ཞིབ་དཔྱད་དུ་བརྩི་བ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཚད་མཐའི་བསམ་བློ་བརྟན་པོ་བཙུགས་ནས། ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་འགནའ་ཁྲི་ཕྲག་ཏུ་ལེན་པ་དང་། བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་རྣམ་འགྱུར་ལ་བརྟེན་ནས་བདེ་འཇགས་ཉེན་ཁ་ཡོད་ཚད་ལ་ལྟ་སྟངས་འཛིན་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་རང་ཞིང་གི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ན་ཡང་། ད་དུང་ཉེན་ཁ་ཅུང་མང་པོ་ཡོད་པ་དང་། ལྷག་པར་དུ་ཆུ་རྒྱས་པའི་དུས་སྐབས་དང་དབྱར་གནང་། ཡུལ་སྐོར་བ་མང་པའི་དུས་སྐབས་སུ། འཕེལ་རྒྱས་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་མ་ཟད། ཉེན་ཁ་སེལ་བ་དང་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཉེ་དུས་ཞིང་ཆེན་ཕྱི་ནང་དུ་བྱུང་བའི་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་ཐད་ཀྱི་བསླབ་བྱ་བསྡུ་ལེན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཉེན་ཁའི་ཆེད་དོན་ཞིབ་བཤེར་སྤེལ་བ། ཉེན་ཆེའི་རྫས་འགྱུར་ཐོན་རྫས་དང་ཚོང་གཉེར་རང་བཞིན་གྱི་རང་སྐྲུན་ཁང་བ། ར་བའི་ཁུལ་གྱི་ཁེ་ལས། སོལ་གཏེར་དང་རྡོ་སོལ་དུ་མི་གཏོགས་པའི་གཏེར་རི། གཞུང་ལམ་འགྲིམ་འགྲུལ། ཡུལ་སྐོར་ལྗོངས་རྒྱུ་ཁུལ། བཟོ་སྐྲུན་འཛུགས་སྐྲུན། མེ་གསོད། ཞོད་འགོག་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ལ་དམ་དུ་དམིགས་ནས། གཅིག་ཤེས་ཀུན་གྲོལ་གྱིས་གྲལ་བཤེར་བཅོས་སྐྱོང་ཟབ་མོ་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་རྒྱུན་རྣམ་ཅན་གྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་སྤེལ་བ་དང་། བདེ་འཇགས་ལྟ་སྐུལ་གྱི་ནུས་པ་མཐོར་འདེགས་གཏོང་བ། ཡུན་ཕན་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་དང་ཟུང་འབྲེལ་བྱེད་པ་དང་། འགོ་ཁུངས་ནས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། ཉིན་རྒྱུད་དུ་དམ་འཛིན་བྱེད་པ། དོན་ཆུང་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། ཉེན་ཁ་སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་ཚོད་འཛིན་བྱེད་པ། སྔ་མོ་ནས་མེད་པར་བྱེད་པར་ཁག་ཐེག་བྱེད་པ་དང་། དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།
ཚོགས་ཐོག་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མྱུར་དུ་འགུལ་སྐྱོད་བྱེད་པ་དང་། ཏང་སྲིད་མགོ་ཁྲིད་ཀྱི་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། གོང་འོག་ཟུང་འབྲེལ་དང་རིམ་པ་བཞིན་འགན་ཁུར་བའི་འགན་འཁྲིའི་ཕྲེང་འབྲེལ་གྲུབ་པར་བྱེད་པ། བྱ་བའི་སྤྱོད་ཚུལ་བཟང་བོར་བརྟེན་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་བྱ་བ་རེ་རེ་དང་ལས་རྐང་རེ་རེའི་ཁྲོད་ལག་བསྟར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་ཇི་མ་ཇི་བཞིན་དུ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།