ཞི་ཅིན་ཕིང་གིས་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཞིན་ཆིན་ཁུལ་ཧྥུའུ་དབྱང་སྲེག་ཟས་ཁང་དུ་སོལ་རླངས་འགས་གཏོར་གྱི་དོན་རྐྱེན་བྱུང་བར་མཛུབ་སྟོན་གལ་ཆེན་གནང་།
2023.06.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 81

ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་བཞི་བཅུ་ཡས་མས་སུ།  ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཞིན་ཆིན་ཁུལ་ཧྥུའུ་དབྱང་སྲེག་ཟས་ཁང་དུ་སོལ་རླངས་འགས་གཏོར་གྱི་དོན་རྐྱེན་བྱུང་། མིག་སྔའི་བར། དོན་རྐྱེན་དེ་ལས་མི་སོ་གཅིག་རྐྱེན་ལམ་དུ་ཤོར་བ་དང་།  མི་བདུན་ལ་རྨས་ཕོག

དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།   ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེར་ཚད་མཐོའི་མཐོང་ཆེན་མཛད་པར་མ་ཟད་མཛུབ་སྟོན་གལ་ཆེན་གནང་སྟེ་ཉིང་ཞ་དབྱིན་ཁྲོན་ཞིན་ཆིན་ཁུལ་ཧྥུའུ་དབྱང་སྲེག་ཟས་ཁང་དུ་སོལ་རླངས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་སྣ་མང་པོར་ཤི་རྨས་བྱུང་བ་དེ་ནི་ཡིད་སྐྱོ་བའི་དོན་རྐྱེན་ཞིག་དང་བརྗེད་དུ་མེད་པའི་བསླབ་བྱ་ཞིག་ཡིན་པས།    སྟོབས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་། རྨས་མ་དང་འདས་པོའི་ཁྱིམ་མིར་སེམས་གསོའི་ལས་དོན་བཟང་བོར་བསྒྲུབ་དགོས་པ་དང་།   དོན་རྐྱེན་གྱི་འབྱུང་རྐྱེན་མྱུར་དུ་རྩད་བཅད་ནས་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།   མིག་སྔར་ལྔ་བའི་བ་བཞིའི་གུང་གསེང་གི་སྐབས་དང་འཁེལ་ཡོད་ལ།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་འཕེལ་རྒྱས་འདུ་ཤེས་བརྟན་པོར་འཛུགས་པ་དང་།  མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ།   ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་བསམ་པས་བྱ་བ་སོ་སོ་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་མངོན་མེད་རྐྱེན་ངན་ལ་དམ་དུ་དམིགས་ནས་ཉེན་ཁར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས།  ཉེ་ལམ་འབྲེལ་ཡོད་སྡེ་ཁག་གིས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཉེན་ཁར་ཆེད་དོན་དག་ཐེར་ལེགས་བཅོས་ཐེངས་གཅིག་བྱས་ནས་ལས་རིགས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་།    ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བར་ནུས་ཡོད་སྒོས་སྔོན་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བཟང་བོ་བྱེད་དགོས།

ཞི་ཅིན་ཕིང་གི་མཛུབ་སྟོན་ལྟར།   འཕྲལ་བསྟུན་དོ་དམ་པུའུ་དང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།  ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་སོགས་སྡེ་ཁག་གིས་བྱ་བ་ཚན་ཆུང་མངགས་ཏེ་ཡུལ་དངོས་སུ་སོང་ནས་རྨས་མ་སྐྱོབ་བཅོས་དང་འཕྲལ་བསྟུན་ཐག་གཅོད་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་བྱེད་བཞིན་ཡོད་ལ།   ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་དང་དབྱིན་ཁྲོན་གྲོང་ཁྱེར་གྱིས་སྟོབས་ཤུགས་ཡོད་ཚད་སྤྱད་དེ་འདས་འཇུག་ལས་དོན་བཟང་བོར་སྒྲུབ་བཞིན་ཡོད།  མིག་སྔར།    སྨན་བཅོས་མྱུར་སྐྱོབ་དང་དོན་རྐྱེན་གྱི་འབྱུང་རྐྱེན་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན།

                                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།