ལིས་ཆང་འཛམ་གླིང་ཡོངས་ཀྱི་དངུལ་གསོག་ཆིངས་ཡིག་གསར་བའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནངས།
2023.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 100

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་རེ་སི་ནས་འཛམ་གླིང་ཡོངས་ཀྱི་དངུལ་གསོག་ཆིངས་ཡིག་གསར་བའི་མཐོ་རིམ་གྲོས་ཚོགས་མཇུག་བསྡུ་བའི་མཛད་སྒོར་ཞུགས་ཏེ་གསུང་བཤད་གནངས།

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་འཛམ་གླིང་ཡོངས་ཀྱི་དངུལ་གསོག་ཆིངས་ཡིག་གསར་བའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནངས། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་བ། རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན་གྱི་འགན་ཁུར་བ་བཅས་མི་དྲུག་ཅུ་ལྷག་གྲོས་ཚོགས་ལ་ཞུགས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནམ་རྒྱུན་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྐྱོང་གནད་དོན་ལ་མཐོང་ཆེན་བྱེད་ཅིང་། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་གཞུག་ཏུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་བཅས་བཏོན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚུར་སྣང་ཆེན་པོ་ཐོབ་ཡོད་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཀྱི་སྒུལ་ཤུགས་གལ་ཆེན་ཡིན་པའི་ཆ་ནས་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་བསྟུད་མར་སྒུལ་ཤུགས་བསྣན་ཡོད་ཟེར།

འཛམ་གླིང་ཧྲིལ་བོར་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པ། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་ལ་སྦྲེལ་མཐུད་བྱེད་པ་བཅས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་མཉམ་སྤྱོད་བྱེད་དུ་འཇུག་དགོས། འཛམ་གླིང་ཡོངས་ཀྱི་འགན་ཁུར་བའི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་ནན་ཏན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་དང་དེའི་ཕཱ་རེ་སིའི་གྲོས་ཆོད་ལག་བསྟར་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་ཡོད། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་མཁན་ཡིན་པའི་ཆ་ནས། ཀྲུང་གོས་རྒྱལ་སྤྱིའི་དབུལ་སེལ་དང་འཕེལ་རྒྱས་ལས་དོན་ཐད་སྐུལ་འདེད་ཆེན་པོ་བཏང་ཡོད་པར་མ་ཟད་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།

ལིས་ཆང་གིས་ནན་གྱིས་བསྟན་དོན། རྩོད་གླེང་དང་གཏན་འཇགས་མིན་པའི་རང་བཞིན་གྱིས་ཁེངས་པའི་འཛམ་གླིང་སྟེང་། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ་དང་། གསར་གཏོད་རང་བཞིན་ལྷག་ཏུ་ལྡན་པའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་གཏན་འཇགས་རང་བཞིན་གྱིས་རྒྱལ་སྤྱིའི་གནས་བབ་ཀྱི་གཏན་འཇགས་མིན་པའི་རང་བཞིན་ཐག་གཅོད་བྱས་ནས། མཉམ་དུ་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཞུགས་མགོ་ཁྲིད་པ་དག་གིས་བསྟན་དོན། ཕྱོགས་སོ་སོས་ལག་རྡང་སྦྲེལ་ནས་མཉམ་ལས་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་འདྲ་མཉམ་མིན་པ་དང་དངུལ་ཕོངས་ཀྱི་སྣང་ཚུལ་ཇེ་ཉུང་གཏོང་བ། མཉམ་དུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུ་ལོན་གནད་དོན་ཐག་གཅོད་བྱས་ཏེ་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་རྒྱལ་ཁབ་སོ་སོའི་གནས་ཚུལ་ལ་བརྩི་འཇོག་གང་ལེགས་བྱས་ཏེ། དབུལ་སེལ་དང་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོབ་བཅས་ལ་གཅིག་འདོམ་བྱས་ནས་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། འདྲ་མཉམ་གྱིས་འགན་འཁྲི་ཁུར་ལེན་བྱས་ཏེ། ཕྱོགས་མང་གསར་སྤེལ་དངུལ་ཁང་དང་ཚོང་ལས་བུན་དབང་མཁན་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་དངུལ་གསོག་དགོས་མཁོར་འགན་སྲུང་བྱེད་དགོས་ཟེར། གྲོས་ཚོགས་ལ་ཞུགས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་རོགས་སྐྱོར་དང་མ་དངུལ་འདོན་སྤྲོད་བྱེད་པའི་དམ་བཅའ་ཟོལ་མེད་ཀྱིས་ལག་བསྟར་བྱེད་དགོས་དགོས་པའི་འབོད་སྐུལ་བཏང་།

ས་དེའི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར། ལིས་ཆང་འཛམ་གླིང་ཡོངས་ཀྱི་དངུལ་གསོག་ཆིངས་ཡིག་གསར་བའི་མཐོ་རིམ་གྲོས་ཚོགས་ཀྱི་བྱ་བའི་དགོང་ཚུགས་གསོལ་སྟོན་ལ་ཞུགས་ཏེ་ནུས་ཁུངས་འཕར་བསྒྱུར་ཐད་ནས་གཏམ་བཤད་སྤེལ། ལིས་ཆང་གིས་བསྟན་དོན། ཀྲུང་གོས་ནུས་ཁུངས་ལྷད་མེད་ཐཱན་ཉུང་རིམ་འཕར་ལ་སྐུལ་འདེད་བཏང་བ་དང་། ཞོར་དུ་འགན་ཁུར་བའི་རྣམ་འགྱུར་གྱིས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་རིམ་འཕར་དང་ནམ་ཟླའི་ཐག་གཅོད་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ། གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་དང་། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ལག་རྩལ་གསར་གཏོད་སྲོག་ཤིང་དུ་བྱེད་པའི་སྒུལ་ཤུགས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་དག་གཙང་ནུས་ཁུངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་ཚོགས་ལ་ཞུགས་སྐབས། ལིས་ཆང་གིས་ད་རུང་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ཀི་ཨོ་ཨར་ཅི་ཡེ་ཝ་སོགས་དང་བརྗེ་རེས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།