མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉིན་ཞ་དབྱིན་ཁྲོན་གྲོང་ཁྱེར་ཞིན་ཆིན་ཁུལ་ཧྥུའུ་དབྱང་སྲེག་ཟས་ཁང་དུ་བྱུང་བའི་སོལ་རླངས་འགས་གཏོར་དོན་རྐྱེན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་བདེ་འཇགས་འགོག་སྲུང་བྱ་བའི་བྲེལ་མྱུར་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཉེན་ཁའི་རྟོག་སེལ་ཆེན་པོའི་གནས་ཚུལ་ཐད་ཀྱི་ཡར་ཞུ་ལ་ཉན་ཞིང་། བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དེ་གཏན་ཕབ་གཉིས་བརྩི་མཐོང་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་ཆབ་སྲིད་ཀྱི་ཞིབ་དཔྱད་དུ་བརྩི་བ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། དུས་ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས། ཉེན་ཁ་འགོག་པ་དང་བདེ་འཇགས་ལ་འགན་སྲུང་བྱེད་པ། གཏན་འཇགས་སྲུང་སྐྱོང་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་ཆུ་རྒྱས་པའི་དུས་སྐབས་དང་དབྱར་གནང་། ཡུལ་སྐོར་བ་མང་བའི་དུས་སྐབས་ཡིན་པ་དང་། ལས་གཞི་འཛུགས་སྐྲུན་དང་ཐོན་སྐྱེད་ཚོང་གཉེར་སོགས་ཀྱི་བྱ་བ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ན། ཉེན་ཁའི་འདུ་ཤེས་དང་ཚད་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། བསླབ་བྱ་བསྡུ་ལེན་བྱེད་པ། མྱུར་དུ་བདེ་འཇགས་ཐོན་སྐྱེད་ཉེན་ཁའི་ཆེད་དོན་ཞིབ་བཤེར་སྤེལ་བ། དྲ་འཐེན་རང་བཞིན་དང་ཡོངས་སུ་ཁེབས་པ། རིམ་པ་ཟབ་པའི་སྒོ་ནས་བདེ་འཇགས་ཉེན་ཁར་ཞིབ་བཤེར་བཅོས་སྐྱོང་བྱས་ནས། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཐལ་དྲགས་པའི་གནམ་གཤིས་ལ་ཁ་གཏད་འཇལ་བའི་འཕྲལ་བསྟུན་ཐག་གཅོད་བྱ་བ་བཟང་བོར་བསྒྲུབ་པ་དང་། འཕྲལ་བསྟུན་ཇུས་གཞི་དང་འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱི་རང་བྱུང་སོལ་རླངས་བཀོལ་སྤྱོད་དང་ཆུར་བྱིང་བར་སྔོན་འགོག་བྱེད་པ། བྲེལ་མྱུར་ཉེན་གཡོལ་སོགས་བདེ་འཇགས་ཤེས་བྱའི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། ལས་ཞུགས་མི་སྣའི་བདེ་འཇགས་བྱང་ཚད་མཐོར་འདེགས་བཏང་ནས། མང་ཚོགས་ཀྱི་བདེ་འཇགས་འགོག་སྲུང་ནུས་པ་དང་རང་ངོས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ལས་རིགས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་ལྟ་སྐུལ་དང་དོ་དམ་ལ་ཤུགས་སྣོན་པ། བྱ་བའི་སྤྱོད་ཚུལ་བཟང་བོར་བརྟེན་ནས་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་ཆེན་པོ་འབྱུང་བར་བཀག་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།


རིན་ཆེན་མཚོས་བསྒྱུར།