​ལིས་ཆང་གིས་ཧྥ་རན་སིའི་ཙུང་ལི་དང་གྲོས་མོལ་མཛད།
2023.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 64

ས་དེའི་དུས་ཚོད་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཧྥ་རན་སིའི་ཙུང་ལི་པོ་ཨར་ནེ་ཡིས་རུང་ཅུན་ཡོན་དུ་མཛད་སྒོ་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྥ་རན་སི་ལ་དངོས་གཞི་འཚམས་འདྲི་བྱས་པར་དགའ་བསུ་ཞུས།

དགའ་བསུ་མཛད་རྗེས་རྗེས་སུ། ལིས་ཆང་གིས་ཙུང་ལིའི་བཞུགས་ཤག་ནས་ཙུང་ལི་པོ་ཨར་ནེ་དང་གྲོས་མོལ་མཛད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱིས་སྒེར་ཚུགས་རང་བདག་བྱེད་པ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། སྔོན་ཏག་ཏག་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཱ་ཁི་ལུང་དང་བརྗེ་རེས་ཟབ་མོ་བྱས་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་འཐབ་ཇུས་ཀྱི་སྣེ་ཁྲིད་འདོན་སྤྲོད་བྱས། ངས་ཐེངས་འདིར་ཧྥ་རན་སི་ལ་འཚམས་འདྲི་བྱེད་དོན་ནི། ཧྥ་རན་སི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

ལིས་ཆང་གིས་བསྟན་དོན། ཀྲུང་གོས་ཧྥ་རན་སི་དང་མཉམ་དུ་ཕྱོགས་གཉིས་ཉོ་ཚོང་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཕན་ཚུན་གྱི་ཚོང་རར་འཇུག་ཆོག་ཚད་རྒྱ་སྐྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ལྗང་མདོག་འཕེལ་རྒྱས་སོགས་ཕྱོགས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད། སང་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་ལོ་དང་རིག་གནས་ཡུལ་སྐོར་ལོ། པ་ལིའི་ཨོ་ལིན་ཕིག་ལོའི་ལོ་གསུམ་གཅིག་བསྡུས་ཀྱི་ལོ་ཡིན་པས། དེ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་ཧྥ་རན་སིའི་མི་གཞུང་བརྗེ་རེས་ཀྱི་མཐོ་རླབས་གསར་བ་བསྐྲུན་དགོས། ཀྲུང་གོས་ཧྥ་རན་སི་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་ལག་བསྟར་བཟང་བོ་བྱས་ཏེ། འཛམ་གླིང་གི་ཡུན་སྐྱོང་བདེ་འགོད་དང་གཏན་འཇགས་དར་རྒྱས་ཐད་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།

ལིས་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཡོ་རོབ་གླིང་མནའ་འབྲེལ་དེ་ནམ་ཡང་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྣེ་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཡོ་རོབ་གླིང་དང་མཉམ་དུ་ཆེ་ཕྱོགས་སྲིད་ཇུས་ཀྱི་མཐུན་སྦྱོར་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱིས་དུས་ཡུན་རིང་བོའི་གཏན་འཇགས་མཉམ་ལས་སྤེལ་བའི་ཐད་ཆ་རྐྱེན་བསྐྲུན་འདོད་ཡོད། རེ་བ་ཡིན་ན་ཧྥ་རན་སི་ཕྱོགས་ཀྱིས་མུ་མཐུད་དུ་ཤན་ཤུགས་འདོན་སྤེལ་བྱེད་པ་དང་། ཡོ་རོབ་གླིང་དུ་གཞན་ངོས་དང་རྗེས་དཔག་གི་ཀྲུང་གོའི་ངོས་འཛིན་དང་སྲིད་ཇུས་གྲུབ་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་མཉམ་རྒྱལ་གྱི་དབྱངས་རྟ་གཙོ་བོ་སྒྲོག་དགོས།

པོ་ཨར་ནེ་ཡིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོའི་བརྗེ་རེས་ཚད་མང་པ་དང་མཉམ་ལས་དམ་ཟབ་ཡིན། ཧྥ་རན་སིས་ཀྲུང་གོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པ་དང་། ཧྥ་རན་སི་དང་ཀྲུང་གོའི་འཐབ་ཇུས་གྲོས་མོལ་དང་རིམ་པ་མཐོ་བའི་རྒྱུ་ནོར་གྲོས་མོལ། རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་རྐྱེན་སྲོལ་གྱི་གྲོས་ཚོགས་བཟང་བོར་བསྡུ་བ། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་འབད་འཐབ་བྱེད་བཞིན་ཡོད་ལ། ཧྥ་རན་སིས་ཀྲུང་གོས་རྒྱུན་མཐུད་ངང་སྒོ་འབྱེད་རྒྱ་སྐྱེད་པའི་བརྡ་རྟགས་བསྒྲགས་པར་བསྔགས་བརྗོད་བྱས་པ་དང་། ཀྲུང་གོའི་ཁེ་ལས་ལ་ཁ་གཏད་པའི་མཐོང་ཆུང་རང་བཞིན་གྱི་བྱེད་ཐབས་སྤྱོད་མི་སྲིད། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཐབ་ཇུས་རང་བདག་རྒྱུན་འཁྱོངས་བྱེད་པ་དང་། ཁ་བྲལ་བ་དང་འབྲེལ་ཐག་གཅོད་པར་རྒྱབ་སྐྱོར་བྱེད་མི་སྲིད།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོ་འགོད་པར་བདེན་དཔང་བྱས།


རིན་ཆེན་མཚོས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།