ལིས་ཆང་གིས་པ་པ་ཏའོ་ཟིའི་ཙུང་ལི་མོ་ཐི་ལིས་དང་གྲོས་མོལ་གནང་།
2023.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 61

ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་དངོས་གཞི་འཚམས་འདྲི་གནང་བར་ཕེབས་པའི་པ་པ་ཏའོ་ཟིའི་ཙུང་ལི་མོ་ཐི་ལིས་དང་གྲོས་མོལ་གནང་།

ལིས་ཆང་གིས་པ་པ་ཏའོ་ཟི་ནི་ཅ་ལེ་པིའི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་སྤུན་ཟླ་གལ་ཆེན་ཞིག་ཡིན། གནས་བབ་གསར་པའི་འོག་ཏུ། ཀྲུང་གོ་ཕྱོགས་ཀྱིས་པ་པ་ཏའོ་ཟི་ཕྱོགས་དང་འཐབ་ཇུས་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་གཉིས་རྒྱལ་གྱི་དཔེ་མཚོན་ལྟ་བུ་ཞིག་ཏུ་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་པ་ཏའོ་ཟི་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས། པ་པ་ཏའོ་ཟིའི “དཔལ་འབྱོར་སླར་གསོ་དང་ཚུལ་སྒྱུར་འཆར་གཞི”དེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་སྔར་ལས་འབྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་གང་ལེགས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་པ་པ་ཏའོ་ཟི་རུ་མ་དངུལ་བཏང་ནས་བྱ་གཞག་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། པ་པ་ཏའོ་ཟིའི་ཁྱད་ལྡན་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས། པ་པ་ཏའོ་ཟིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པའི་འདང་ཚོད་ཀྱིས་མུ་མཐུད་དུ་རོགས་རམ་བྱེད་འདོད་ཡོད། པ་པ་ཏའོ་ཟི་ཕྱོགས་ཀྱིས་ཀྲུང་གོ་དང་ཅ་ལེ་པིའི་འཕེལ་རྒྱས་ལྟེ་གནས་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཐད་ཀྱི་གནས་བབ་དང་དམིགས་བསལ་གྱི་དོ་ཁུར་ལ་བསམ་ཤེས་གང་ལེགས་བྱེད་ཀྱིན་ཡོད། མ་དངུལ་བསྡུ་དཀའ་བའི་གནད་དོན་མཉམ་དུ་འཚོལ་ཞིབ་དང་ཐག་གཅོད་བྱེད་རྒྱུ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནུས་ཁུང་ཚུལ་སྒྱུར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས།

མོ་ཐི་ལིས་ཀྱིས་པ་པ་ཏའོ་ཟི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུར་རྩེ་གཅིག་ཏུ་འབད་དེ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་པ་ཏའོ་ཟི་ཕྱོགས་ལ་སྨན་བཅོས་རུ་ཁག་མངགས་གཏོང་དང་པྲོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་ནུས་ལྡན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་ཞིང་ལས་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དབུལ་སེལ། ཡུལ་སྐོར། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། པ་པ་ཏའོ་ཟི་ཕྱོགས་ཀྱིས“འབྲེལ་ཐག་གཅོད་པར”ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བ་ཡིན་པའི་ ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོབ་དང་། རྒྱལ་སྤྱིའི་ཐོན་སྐྱེད་དང་མཁོ་འདོན་ཕྲེང་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བསྟན།

གྲོས་མོལ་གྲོལ་རྗེས་རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་སྔོ་མདོག་དཔལ་འབྱོར། ས་གནས་ཀྱི་མཉམ་ལས། སྨན་བཅོས་འཕྲོད་བསྟེན། གསར་འགྱུར་སྨྱན་བྱད་སོགས་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས།

ལིས་ཆང་གིས་གྲོས་མོལ་མ་བྱས་པའི་སྔོན་ལ། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མོ་ཐི་ལིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།