ལིས་ཆང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞིར་མཇལ་འཕྲད་གནང་།
2023.06.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 34

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་ཉེར་དྲུག་ཉིན་ཐེན་ཅིན་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་གོ་ལ་ཧྲིལ་བོ་ཅན་གྱི་འཕེལ་རྒྱས་འབྱུང་བཞིན་ཡོད་ཅིང་། བདག་གཞན་གྱི་དབྱེ་བ་ཆེར་མེད་པར་གཅིག་ཏུ་འདྲེས་ཡོད། རྒྱལ་ཁབ་སོ་སོས་ཕན་ཚུན་རོགས་ལས་དང་ཁྱད་སྟོབས་ཁ་གསབ་བྱེད་པ་ནི་ཐོན་སྐྱེད་ནུས་པའི་འཕེལ་རྒྱས་ཀྱི་དངོས་ཡོད་རེ་བ་ཡིན་ལ། ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་བཞུར་རྒྱུན་ཡང་ཡིན། རྒྱལ་ཁབ་སོ་སོས་རྒྱུས་ལོན་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། གོ་ལོག་ཇེ་ཉུང་དུ་བཏང་ནས་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ཕན་མཉམ་འདྲེས་ལ་ཤུགས་སྣོན། ལག་རྡང་སྦྲེལ་ནས་ཐུན་མོང་འགྲན་རྩོད་ལས་རྣམ་པར་རྒྱལ་བར་བྱས་ནས། སྔར་ལས་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་དགོས། ཀྲུང་གོས་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་དུ་བགྲོད་པ་རྒྱུན་འཁྱོངས་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ནས། བསྟུད་མར་སྒོ་འབྱེད་རྣམ་པ་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་པ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཧྲི་ཝ་པུའུ་ཡིས་བསྟན་དོན། འཛམ་གླིང་གླེང་སྟེགས་ཀྱིས་ཀྲུང་གོའི་བར་གྱི་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་སོ་སོས་འབྲེལ་འདྲིས་ལ་ཤུགས་སྣོན་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། མཉམ་ལས་རྒྱ་བསྐྱེད་དེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉམ་དུ་ནམ་ཟླའི་འགྱུར་ལྡོག་སོགས་གོ་ལ་ཧྲིལ་བོའི་འགྲན་རྩོད་ཐག་གཅོད་བྱས་ནས། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།