རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ཆང་གིས་ཚེས་ཉེར་དྲུག་ཉིན་ཐེན་ཅིན་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱེ་ཝེ་ལཱ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པའི་དམ་བཅའ་ལག་བསྟར་བྱས་ཏེ། རང་ཉིད་འཕེལ་རྒྱས་སུ་བཏང་བར་མ་ཟད་འཛམ་གླིང་ཡོངས་ལ་ཕན་བདེ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ནས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་ཐད་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་ལས་གཏན་འབེབས་བྱས་པའི་ཐབས་ལམ་གཙོ་བོར་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོས་རང་སྟེང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་ནུས་པར་འཚམ་པའི་འགན་འཁྲིའི་འོས་འགན་ཁུར་དུ་བླངས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན།
དབྱེ་ཝེ་ལཱ་ཡིས་བསྟན་དོན། འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པའི་ཚུན་ལ། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཀྲུང་གོའི་བར་གྱི་གྲོགས་པོའི་འབྲེལ་བ་བཟང་བོར་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་པར་རེ་སྒུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།