ལིས་ཆང་གིས་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་དང་གྲོས་མོལ་མཛད།
2023.06.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 66

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་བྱས་གོང་། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་ཧྥན་མེན་ཀྲིན་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་དང་གྲོས་མོལ་མཛད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་གཅིག་འདྲེས་ཡིན་ལ། ལས་སྐལ་གཅིག་མཐུན་ཡིན། ད་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅོ་ལྔ་འགོར་བའི་ལོ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་རྣམ་གཉིས་ཀྱི་སྣེ་ཁྲིད་འོག ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད། རྙོག་འཛིང་ཆེ་བའི་འཛམ་གླིང་གི་གནས་བབ་ཁྲོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དོ་སྣང་དང་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ། ལག་རྡང་སྦྲེལ་ནས་སྔར་ལས་དམ་ཟབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པ། གནས་ཐིག་གསར་བའི་སྟེང་ཕྱོགས་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་གཏན་འཇགས་རང་བཞིན་དང་དྲང་ཕྱོགས་ནུས་ཚད་མང་བོ་ཁ་སྣོན་བྱེད་དགོས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཡིས་ཡོ་ནན་བར་འཐབ་ཇུས་སྦྲེལ་མཐུད་བྱེད་འདོད་ཡོད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་སྙིང་བོར་བྱས་ཤིང་། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱི་མཉམ་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ། ཁྲིམས་བསྟར་བདེ་འཇགས་དང་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་། ཚན་རྩལ་རིག་གནས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཅིག་འདོམ་སྐུལ་འདེད་བཏང་སྟེ། མཉམ་ལས་སྔར་ལས་རྒྱ་བསྐྱེད་རྒྱུ་ཡིན། ཞིང་ཞོར་ཐོན་རྫས་ཀྱི་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་དགོས། ཕན་ཚུན་བར་གྱི་གནམ་གྲུ་གཏོང་ཐེངས་ཇེ་མང་དུ་བཏང་སྟེ། རིག་གནས་ཡུལ་སྐོར་དང་སློབ་གསོ། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་དགོས། ཡོ་ནན་སྲིད་གཞུང་གིས་མུ་མཐུད་དུ་ཀྲུང་གོའི་ཁེ་ལས་ཡོ་ནན་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་ཚོང་གཉེར་གྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པའི་རེ་བ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་དང་མཉམ་དུ་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་ཁུངས་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་། རྫ་ཆུའམ་མེ་ཀུང་གཙང་བོ་སོགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལ་ཇེ་ཟབ་ཏུ་གཏོང་འདོད་ཡོད།

ལིས་ཆང་གིས་ནན་གྱིས་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱིས་གྲོས་མོལ་ལ་བརྟེན་ནས་འགལ་བར་ཚོད་འཛིན་བྱེད་པ་རྒྱུན་ཁྱོངས་དང་། མཚོ་ཐོག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལྷོ་ཕྱོགས་རྒྱ་མཚོའི་བྱ་སྤྱོད་རྩ་གནད་ཀྱི་གྲོས་མོལ་མྱུར་དུ་སྤེལ་ནས། གནས་བབ་རྙོག་འཛིང་ཅན་དང་རྒྱ་ཡན་ཅན་གྱི་འགུལ་སྐྱོད་སྔོན་འགོག་བྱེད་འདོད་ཡོད།

ཧྥན་མེན་ཀྲིན་གྱིས་བསྟན་དོན། ཡོ་ནན་དང་ཀྲུང་གོའི་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཟབ་མོ་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱིས་མི་རིགས་རང་བཙན་བྲཙོན་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རོགས་རམ་ཆེན་པོ་བྱས་པ་ཡིད་ལ་དམ་པོར་བཟུང་ཡོད་ལ། ཀྲུང་གོའི་བར་གྱི་འབྲེལ་བ་དེ་ཡོ་ནན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་མའི་དོན་ཆེན་དུ་བསམ་ཡོད་ཟེར། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞིར་རྒྱབ་སྐྱོར་དང་དེར་ཟབ་ཞུགས་བྱས་ནས། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན། འཕྲོད་བསྟེན། ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་བོའི་མཐུན་སྦྱོར་རམ་འདེགས་ལ་ཤུགས་སྣོན་བྱས་ཏེ། ཐུན་མོང་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ལ། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འགལ་བ་ཚོད་འཛིན་བྱེད་པར་དོ་དམ་བྱས་ནས་མཚོ་ཐོག་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་མཚོ་ཐོག་མཉམ་ལས་དང་ཚོང་རའི་ལྟ་རྟོག་དོ་དམ། གྲུ་ཁའི་འཛུགས་སྐྲུན་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།