རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་མགོ་བརྩམས།
2023.06.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ་དང་། “འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དཀྱིལ་སྙིང་དུ་བཟུང་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མགོ་རྩོམ་ཚོགས་འདུར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་ནས་སྙན་ཞུ་ཕུལ་ནས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་པ་དང་། ནང་མཁོ་རྒྱ་སྐྱེད་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྤྱི་འདོམས་གང་ལེགས་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོངས་རང་སྤེལ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། དངོས་ཕུང་དཔལ་འབྱོར་འདེགས་སྐྱོར་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་པ། བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་ལེན་བཅས་བྱེད་དགོས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། སྲིད་ཇུས་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་པ། ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ། ཕྱོགས་སོ་སོའི་མཉམ་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བཅས་བྱས་ནས། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུན་གྱིས་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།