ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལིར་མཇལ་འཕྲད་གནང་།
2023.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་རི་ཆུ་འདབས་འབྲེལ་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་གཉིས་ཀའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པར་བརྟེན། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡོངས་སུ་མཐུན་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། མོང་གོལ་རྒྱལ་ཁབ་ཀྱི་བློ་གཏད་ཆོག་པ་དང་གཙིགས་ཆེན་བྱས་ཆོག་པའི་ཟླ་གྲོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྲིད་སྟོན་དུ་བཟུང་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས། མཉམ་ལས་བཅས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ནས། ས་ཁུལ་དེ་གར་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་རྒྱ་ཁྱབ་དང་ཐུན་མོང་གི་ཁེ་ཕན་ཡོད་ལ། ལངས་ཕྱོགས་འདྲ་མཚུངས་ཀྱི་འདོད་ཚུལ་ཡང་ཡོད། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མོང་གོལ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ནས། ཕན་ཚུན་བར་བརྩི་འཇོག་དང་དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་མཉམ་དུ་བསྐྲུན་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཨའོ་ཡུན་ཨེར་ཏིན་གྱིས་མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཐའེ་ལྦན་དང་བོད་དང་ཞིན་ཅང་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས། ཕན་ཚུན་གྱིས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་མུ་མཐུད་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་དང་། སྲིད་ཏང་དང་ན་གཞོན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀའི་རྒྱལ་མཚམས་ལས་བརྒལ་བའི་ལྕགས་ལམ་དང་འགག་སྒོ་སོགས་ཀྱི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། ལྗང་མདོག་འཕེལ་རྒྱས། རུལ་སུངས་ལ་ངོ་རྒོལ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།

ཝང་དབྱིས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།