ཞི་ཅིན་ཕིང་གིས་ཡོ་ནན་རྒྱལ་ཁབ་ཀྱི་ཙུང་ལིར་མཇལ་འཕྲད་གནང་།
2023.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ཡོ་ནན་རྒྱལ་ཁབ་ཀྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ན་ནིང་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་རྗེས་ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ཀྲུང་གོར་འཚམས་འདྲི་གནང་བར་གདན་དྲངས་ནས། ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། ད་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅོ་ལྔ་འཁོར་བའི་ལོ་ཡིན་པས། རྒྱལ་ཁབ་གཉིས་ཀའི་རིམ་པ་སོ་སོའི་འགྲོ་འོང་ཉིན་བཞིན་ཇེ་དམ་དུ་འགྲོ་བཞིན་ཡོད་ཅིང་། ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་འདི་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཞིག་ཏུ་བརྩི་བཞིན་ཡོད་ཅིང་། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་ཡིན། ཉིན་བཞིན་ཛ་དྲག་དང་རྙོག་འཛིང་ཅན་དུ་འགྲོ་བཞིན་པའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀས་འདྲ་མཉམ་གཉིས་ཕན་དང་མཐུན་སྒྲིལ་ཡིད་ཆེས། མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་མཉམ་ལས་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་ནས། ཟང་ཟིང་ཅན་དུ་འགྱུར་བཞིན་པའི་འཛམ་གླིང་ལ་བརྟན་བརླིང་གི་རང་བཞིན་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་ནན་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པའི་ཆ་ནས། ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་མཁན་གྱི་བློ་མཐུན་དང་གཉིས་ཕན་གཉིས་རྒྱལ་གྱི་ཟླ་གྲོགས། ཕན་ཚུན་རྒྱུས་མངའ་ཡོད་པའི་གྲོགས་པོ་བཅས་ཡིན། ཕྱོགས་གཉིས་ཀས་ཏང་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་བྱས་ནས། མི་དམངས་ཀྱི་བླ་ན་མེད་པའི་འདུ་ཤེས་བརྟན་སྲུང་བྱེད་པ་དང་། ཕ་རོལ་པོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དང་རང་སོ་སོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ཡག་པོ་སྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཕྱོགས་གཉིས་ཀས་སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་རིག་ནུས་འགག་སྒོ ལྗང་མདོག་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧ་ཅང་བྲིན་ཆེ་བའི་ཡོ་ནན་གྱི་ཐོན་རྫས་སྔར་ལས་གང་མང་ནང་འདྲེན་བྱེད་འདོད་ཡོད་ལ། ཡོ་ནན་ཕྱོགས་ཀྱིས་ད་ལོའི་ལོ་སྨད་ཀྱི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཁྲོད་འབད་པས་ཞུགས་རྒྱུར་དགའ་བསུ་ཞུས་པ་ཡིན་ཞེས་གསུངས།

ཧྥན་མེན་ཀྲིན་གྱིས་ཡོ་ནན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོ《ཁྱོན་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་རོགས་རེས་འབྲེལ་བའི་གྲོས་མཐུན》ཁྲོད་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མུ་མཐུད་འབད་པས་ཞུགས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཡོ་ནན་ཕྱོགས་ཀྱིས་དཔལ་འབྱོར་གནད་དོན་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱེད་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དོགས་ཟོན་མཐོར་འདེགས་བྱེད་པ། ཕྱོགས་ཁག་གང་རུང་གིས་ཡོ་ནན་དང་ཀྲུང་གོའི་བར་གྱི་འབྲེལ་བར་དཀྲུག་ཤིང་མི་བྱེད་པ། ཡོ་ནན་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཛུགས་པ་བཅས་བྱེད་འདོད་ཡོད་ཅེས་བསྟན།

ཝང་དབྱིས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།