ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལིར་མཇལ་འཕྲད་གནང་།
2023.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ནེའུ་ཙི་ལན་གྱི་ཙུང་ལི་ཞི་ཕུའུ་ཅིན་ཟིར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཙུང་ལི་མཆོག་གིས་འགན་བཞེས་རྗེས་ཐེངས་དུ་མར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་དགོས་པའི་འདོད་བློ་བསྟན་ནས། ཀྲུང་གོའི་བར་གྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་གསུངས་པར་ངས་བསྟོད་བསྔགས་བྱས་པ་ཡིན། ངས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཉིས་སྟོང་བཅུ་བཞི་ལོར་ངས་ནེའུ་ཙི་ལན་དུ་འཚམས་འདྲི་བྱས་ནས། ཕྱོགས་གཉིས་ཀས་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན། ཉེ་བའི་ལོ་བཅུའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་བསྐྲུན་ཡོད་ལ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཐད་ཕན་པ་ངེས་ཅན་བསྐྲུན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ནེའུ་ཙི་ལན་འདི་ཉིད་གྲོགས་པོ་དང་སྤུན་ཟླ་བཟང་པོར་བརྩིས་ནས། ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ལོ་ལྔ་བཅུ་གསར་པ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོའི་ལྟེ་བའི་ལས་འགན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་འདི་ཉིད་ལས་འགན་གཙོ་བོ་ཡིན་ལ། ཀྲུང་གོ་མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་བྱ་རྒྱུ་ནི་ངོ་བོའི་བླང་བྱ་ཡིན་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་སྔར་ལས་གང་མང་འབུལ་རྒྱུ་ནི་དམིགས་འབེན་གལ་ཆེན་ཞིག་ཡིན། འདི་ནི་སྔར་བྱུང་མ་མྱོང་བའི་ལམ་བུ་ཞིག་ཡིན་ནའང་། ང་ཚོས་མུ་མཐུད་དུ་འཚོལ་ཞིབ་དང་ཞུམ་མེད་ངང་མདུན་སྐྱོད་བྱེད་དགོས། ཀྲུང་གོ་འདི་འདྲའི་ཆེ་བ་དང་མི་གྲངས་འདི་འདྲའི་མང་བའི་དབང་གིས། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་རྩར་འཛིན་དགོས། ང་ཚོས་རང་སྟོབས་རང་སྤེལ་བྱ་རྒྱུ་ནན་བཤད་བྱེད་པའི་དགོས་པ་ནི། རྒྱལ་ཁབ་ཕྱི་བཀག་ནང་སྡོམ་བྱེད་རྒྱུ་གཏན་ནས་མ་ཡིན་པར་རྒྱལ་ནང་གི་ཁྲོམ་ར་དང་རྒྱལ་སྤྱིའི་ཁྲོམ་རའི་བར་སྔར་ལས་ལེགས་པའི་སྒོ་ནས་སྦྲེལ་མཐུད་བྱ་རྒྱུའི་ཆེད་ཡིན། སྒོ་མོ་ཕྱེས་པའི་ཀྲུང་གོ་དེ་གཞི་ནས་དེང་རབས་ཅན་གྱི་ཀྲུང་གོ་ཞིག་ཏུ་འགྱུར་ཐུབ། འཕེལ་རྒྱས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་གཙོ་བོ་ཡིན། ང་ཚོས་མུ་མཐུད་དུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཕྱི་རྒྱལ་གྱི་ཚོང་པའི་མ་དངུལ་གཏོང་བའི་ཁེ་དབང་ལ་བཅའ་ཁྲིམས་ལྟར་སྲུང་སྐྱོབ་སྔར་ལས་གང་ལེགས་བྱེད་རྒྱུ་ཡིན་ཞེས་གསུངས།

ཞི་ཕུའུ་ཅིན་ཟི་ཡིས་ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ད་རེས་ངས་དཔལ་འབྱོར་ཉོ་ཚོང་གི་འཐུས་ཚབ་ཚོགས་པ་འབོར་ཆེན་གྱི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱས་པ་ཡིན་ལ། ད་ཐེངས་ཀྱི་འཚམས་འདྲི་འདི་བརྒྱུད་དེ་མཉམ་ལས་ཀྱི་གོ་སྐབས་སྔར་ལས་གང་མང་འཚོལ་ཞིབ་བྱས་ནས། ནེའུ་ཙི་ལན་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མི་སྣའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། ཚན་རྩལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་རིམ་སྤོར་པར་གཞི་མཉམ་དུ་ལག་བསྟར་ཡག་པོ་བྱེད་འདོད་ཡོད་ཅེས་བསྟན།

ཝང་དབྱིས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།