ཞི་ཅིན་ཕིང་གིས་པ་པ་ཏའོ་ཟིའི་ཙུང་ལིར་མཇལ་འཕྲད་གནང་།
2023.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་དངོས་གཞི་འཚམས་འདྲི་གནང་བར་ཕེབས་པའི་པ་པ་ཏའོ་ཟིའི་ཙུང་ལི་མོ་ཐི་ལེ་དང་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་པ་པ་ཏའོ་ཟི་ནི་ཅ་ལི་པིས་ཀྱི་ཤར་རྒྱུད་ས་ཁུལ་དུ་ཡོད་པའི་ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། ས་ཁུལ་དེ་རུ་ཡོད་པའི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་ཡིན། ཀྲུང་གོ་དང་པ་པ་ཏའོ་ཟི་རྒྱལ་ཁབ་གཉི་ཀའི་བར་དུ་རྒྱ་མཚོ་ཆེན་པོའི་བར་ཐག་གིས་ཆོད་ཡོད་ནའང་། བསམ་ཕྱོགས་གཅིག་མཐུན་ཡིན་པ་དང་ལག་རྡང་སྦྲེལ་ཏེ་མཉམ་དུ་བསྐྱོད་པའི་དབང་གིས། ཕྱོགས་གཉི་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། དེས་པ་པ་ཏའོ་ཟིའི་འཕེལ་རྒྱས་དང་ཀྲུང་གོ་དང་པ་པ་ཏའོ་ཟིའི་མཉམ་ལས་ལ་གོ་སྐབས་གསར་པ་སྟེར་ཐུབ། པ་པ་ཏའོ་ཟི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི“མྱུར་བགྲོད་རླངས་འཁོར”ཁྲོད་ཞུགས་ནས། ཀྲུང་གོ་ཕྱོགས་དང་སྔར་ལས་དམ་ཟབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉི་ཀས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་སྲོལ་བཞིན་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་ལ་སྲུང་སྐྱོབ་བྱེད་པ་དང་། འཕེལ་རྒྱས་ཀྱི་རང་བརྟེན་ལམ་བུ་འཚོལ་བར་རྒྱབ་སྐྱོར་བྱེད་པ། པ་པ་ཏའོ་ཟིའི་བར་གྱི་སྲིད་གཞུང་དང་ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་ཀྱི་འགྲོ་འོང་སྔར་ལས་དམ་ཟབ་དུ་བཏང་ནས། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་དང་པ་པ་ཏའོ་ཟི་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། འཕེལ་རྒྱས་ཁྱབ་ཁོངས་ཁྲོད་དུ་ཐུན་མོང་གི་སྐད་ཆ་མང་བ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བར་བརྟེན། ཕྱོགས་གཉི་ཀས་དངོས་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་གོ་སྐབས་སུ་བརྩིས་ཏེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གཞི་གྲངས་དཔལ་འབྱོར། གནམ་གཤིས་འགྱུར་ལྡོག ནུས་ཁུངས་གསར་པ། ཞིང་ལས། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་པ་པ་ཏའོ་ཟི་རུ་སོང་ནས་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉི་ཀས་ད་དུང་མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་མི་སྣ་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས།

མོ་ཐི་ལེ་ཡིས་པ་པ་ཏའོ་ཟི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོ་ཕྱོགས་ཀྱི་འདུ་ཤེས་ལ་ངོས་འཛིན་ཚད་མཐོན་པོ་བྱེད་པ། ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་བྱེད་པའི་ཁྲོད་འབད་པས་ཞུགས་འདོད་ཡོད་ཅིང་། པ་པ་ཏའོ་ཟི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་ཆུའི་ཐོན་ཁུངས། གཞི་གྲངས་འགལ་རྐྱེན་ཆེ་བ། འཕྲོད་བསྟེན་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། པ་པ་ཏའོ་ཟི་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས། “འབྲེལ་ཐག་གཅོད་པར”ངོ་རྒོལ་བྱས་ཏེ། ཅ་ལི་པིས་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཝང་དབྱིས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།