ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་མཚམས་དོ་དམ་དང་མཐའ་སྲུང་དམག་དཔུང་འཛུགས་སྐྲུན་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ། མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ལ་བཏོན་པའི་བླང་བྱ་གལ་ཆེན་ཚད་གཞིར་འཛིན་པ་དང་། མཚོ་སྔོན་གྱི་གནས་ཐིག་གཏན་ཁེལ་དང་འཐབ་ཇུས་གོ་གནས་ཁོང་དུ་ཆུད་པར་བྱེད་པ། རྒྱལ་དོན་གལ་ཆེན་གྱི་མཐོ་ཚད་དུ་འགྲེང་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ནུས་ཁུངས་གསར་བརྗེའི་དུས་སྐབས་ཀྱི་གོ་སྐབས་ཆེན་པོ་དམ་འཛིན་བྱེད་པ། མཚོ་སྔོན་གྱི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་བ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་གཤིས་ཕྱོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། དཔེ་གཞིས་བཅོས་བསྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། མཚོ་སྔོན་མཐའ་མཚམས་ས་ཁུལ་མིན་ན་ཡང་། གནའ་ནས་བཟུང་བའི་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་ས་ཆ་གལ་ཆེན་ཡིན་པས། དམངས་དམག་མཉམ་འདྲེས་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བ་དང་། རང་འགུལ་སྒོས་དམག་དཔུང་གི་དམག་སྦྱོང་དང་གཡུལ་འཐབ་གྲ་སྒྲིག་ཐད་ཞབས་འདེགས་ཞུ་བ། དཔོན་དམག་ལ་རོགས་བྱས་ནས་གནད་དོན་དངོས་ཐག་བཅད་དེ། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རིག་གནས་རྒྱུན་འཛིནའཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རིག་གནས་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཐོ་རིམ་གླེང་སྟེགས་སྐབས་དང་པོར་སྤྲིངས་པའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་པ་མཚོན། མཚོ་སྔོན་ནི་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་འབྱུང་ཡུལ་གྲས་ཀྱི་གཅིག་དང་། ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་འདྲེས་བསྣོལ་ས་ཆ་ཡིན་ལ། ཁུ་ནུ་རིག་གནས་གཙོ་གཞི་རུ་བྱས་པའི་སྣ་མང་གཞི་གཅིག་ཅན་གྱི་རིག་གནས་གྲུབ་ཚུལ་ཡོད་པས། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་འགོ་ཁུངས་འཚོལ་བའི་བཟོ་སྐྲུན་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཟོ་སྐྲུན་སོགས་ལག་བསྟར་བྱེད་པ། ཁྱད་ལྡན་རིག་གནས་ཀྱི་རིན་ཐང་སྔོག་འདོན་བྱས་ནས། རིག་གནས་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཆབ་སྲིད་ཀྱི་དོན་དག་གལ་ཆེན་དུ་བརྩི་བ་དང་། ལག་བསྟར་དམ་འཛིན་བྱེད་རྒྱུ་དེ་ཆེས་རྩ་བའི་ཆབ་སྲིད་ཀྱི་ལས་འགན་དུ་བརྩི་བ། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱེད་པ། ཆབ་སྲིད་དང་བློ་དཀར། ཏང་གཤིས་གླེང་བའི་མཐོ་ཚད་ནས། དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ། ཐ་ན་ཏང་སྲིད་ཀྱི་འགོ་ཁྲིད་དང་པོའི་ཆབ་སྲིད་འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱས་ཏེ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་འགོ་ཁྲིད་དེ་དམ་འཛིན་བྱེད་པ་དང་དམ་འཛིན་ལྷོད་མེད་བྱེད་པ། ས་ཁུལ་དང་སྡེ་ཁག་གི་འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་བྱེད་པ། ཆེད་བསྐོས་འགོ་ཁྲིད་ཀྱིས་ཐད་ཀར་དམ་འཛིན་བྱེད་པ་དང་གྲུབ་འབྲས་ལེན་པ། འགན་ཁུར་སྡེ་ཁག་གིས་ཆེད་མི་བདམས་ནས་གཙིགས་འཛིན་བྱེད་པ་དང་ཆེད་དུ་དམ་འཛིན་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས།
ཚོགས་ཐོག་ནས་དུས་རབས་གསར་བའི་བསྐྱོད་ལམ་གསར་བར་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པའི་བྱེད་ཐབས་འགའ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པའི་གསལ་ཁྲ་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་བསྟན་དོན། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་ན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་ནས་ལག་བསྟར་བྱེད་འགོ་རྩོམ་པ་དང་ཚན་ཁག་གི་ཁོངས་མིས་གཟབ་ནན་བྱེད་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་མིག་དཔེ་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རང་ངོས་གསར་བརྗེའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ལམ་ཇེ་གཅུན་དུ་གཏོང་བར་སྣེ་ཁྲིད་བྱེད་དགོས། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྒྲོག་བྱེད་པ་དང་། གནད་འགག་གྲངས་ཉུང་གི་ལྟ་སྐུལ་དམ་འཛིན་བྱེད་པ། ཚད་ཁག་གི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་མ་ཟད་འགན་ཁུར་བློ་མཐུན་གཙོ་བོ་དང་འགན་ཁུར་མི་སྣ་དང་པོའི་འགན་འཁྲི་དང་ཚན་ཁག་གི་ཁོངས་མིའི་ལས་གཅིག་འགན་གཉིས་ལག་བསྟར་བྱས་ཏེ། རང་གཅུན་ནན་མོ་བྱེད་པ་དང་འགན་བཟང་བོར་ཁུར་བ། ཁོངས་གཏོགས་ས་ཆར་དོ་དམ་ནན་མོ་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། ཚོགས་ཐོག་ནས་བསྟན་དོན། འབྲུ་རིགས་བདེ་འཇགས་ནི་ངེས་པར་ལན་འདེབས་པའི་རྒྱུགས་གཞི་ཡིན་པ་ལས། གདམ་གསེས་བྱེད་མི་ཆོག མཚོ་སྔོན་འབྲུ་རིགས་ཐོན་སྐྱེད་ཀྱི་ཞིང་ཆེན་ཆེན་པོ་དང་མི་འབོར་གྱི་ཞིང་ཆེན་ཆེན་པོ་མིན་ན་ཡང་། ངེས་པར་དུ་རྒྱལ་ཡོངས་བསམ་བཀོད་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ། ངོས་ཟིན་མི་གསལ་བ་ཡོ་བསྲང་བྱེད་པ། རང་འགུལ་གནད་དོན་རང་བཤེར་བྱེད་པ། རྨོ་ཞིང་གི་དམར་མཚམས་བརྟན་སྲུང་བྱེད་པ། ཅཱ་ལུད་ཀྱི་མཁོ་འདོན་འགན་སྲུང་དང་ཐོན་སྐྱེད་དམ་འཛིན་བྱས་ནས། མཚོ་སྔོན་གྱི་འགན་འཁྲི་ཕྲག་ཏུ་ལེན་དགོས།
ཚོགས་ཐོག་ཏུ་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་གཉིས་པའི་ཕྱོགས་བསྡུས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། སྐོར་ཞིབ་ཐད་ཀྱི་དག་ཐེར་ལེགས་བཅོས་དོན་འཁྱོལ་བྱེད་པའི་སྐོར་གྱི་བྱ་བའི་བྱེད་ཐབས་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐོར་ཞིབ་ཐད་ཀྱི་དག་ཐེར་ལེགས་བཅོས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། འགོ་ཁྲིད་དང་པོའི་འགན་འཁྲི་གཏན་ཁེལ་བྱེད་པ། བདེན་འཛིན་དངོས་བསྒྱུར་བྱེད་པ། མཉམ་ཤུགས་གྲུབ་པར་བྱས་ནས་ལག་བསྟར་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱས་ཏེ། སྐོར་ཞིབ་ཐད་ཀྱི་དག་ཐེར་ལེགས་བཅོས་བྱ་བ་དོན་འཁྱོལ་ནན་མོ་བྱེད་དགོས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།