ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་ནས་པཱ་པཱ་ཏའོ་སིའི་ཙུང་ལི་མའོ་ཐི་ལེ་ལ་མཇལ་འཕྲད་གནང་།
ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་ནས་ནེའུ་ཙེ་ལན་གྱི་ཙུང་ལི་ཞི་ཕུའུ་ཅིན་སི་ལ་མཇལ་འཕྲད་གནང་།
ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་ནས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཡུན་ཨེར་ཏིན་ལ་མཇལ་འཕྲད་གནང་།
ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་ནས་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་ཉེར་བདུན་ཉིན་པེ་ཅིང་ནས་སོ་སོར་པཱ་པཱ་ཏའོ་སིའི་ཙུང་ལི་མའོ་ཐི་ལེ་དང་ནེའུ་ཙེ་ལན་གྱི་ཙུང་ལི་ཞི་ཕུའུ་ཅིན་སི། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཡུན་ཨེར་ཏིན། ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་བཅས་ལ་མཇལ་འཕྲད་གནང་།
མའོ་ཐི་ལེ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་པཱ་པཱ་ཏའོ་སིའི་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་པ་དང་། ཀྲུང་གོ་དང་པཱ་པཱ་ཏའོ་སིའི་འབྲེལ་བ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མིག་དཔེ་ལྟ་བུ་ཡིན། རྒྱལ་ཁབ་གཉིས་ཀྱིས་མི་དམངས་དཀྱིལ་སྙིང་དུ་བྱེད་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་པཱ་པཱ་ཏའོ་སིའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རིམ་པ་མང་བོ་དང་ཐབས་ལམ་མང་བོའི་འབྲེལ་འདྲིས་འགྲོ་འོང་སྤེལ་ནས། ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་ཐད་ནས་བརྗེ་རེས་དཔེར་འཛིན་བྱེད་འདོད་ཡོད། ཀྲའོ་ལི་ཅི་ཡིས་ཀྲུང་གོས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞིའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་སྟེང་གི་འཕེལ་རྒྱས་དང་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཟུང་འབྲེལ་དམ་པོ་བྱས་ཏེ། གྲོས་གཞིའི་སྒྲོམ་གཞིའི་འོག་པཱ་པཱ་ཏའོ་སི་བར་གྱི་མཉམ་ལས་ལ་ཤུགས་སྣོན་དང་། འཕེལ་རྒྱས་ལ་མཉམ་དུ་གྲོས་མོལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོར་འཕེལ་རྒྱས་སུ་གཏོང་འདོད་ཡོད།
མའོ་ཐི་ལེ་ཡིས་བསྟན་དོན། པཱ་པཱ་ཏའོ་སི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་གལ་ཆེན་ཡིན། པཱ་པཱ་ཏའོ་སི་ཕྱོགས་ཀྱིས་ཀྲུང་གོས་པྲོག་གསར་རིམས་ནད་འགོག་བཅོས་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོའི་ལེགས་བཅོས་བཅས་ཀྱི་ཐད་རོགས་རམ་ཆེན་པོ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་མང་བོའི་ལས་དོན་ཁྲོད་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
ཞི་ཕུའུ་ཅིན་སི་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙེ་ལན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་ལྷག་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་ཆེན་པོ་བསྐྲུན་ཡོད། ཀྲའོ་ལི་ཅི་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འདུ་ཤེས་དང་ལག་ལེན་མཚམས་སྦྱོར་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙེ་ལན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་གི་མཉམ་ལས་གྲོགས་པོ་གལ་ཆེན་དུ་རྩིས་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱིས་ཡིད་ཆེས་དང་གཉིས་ཕན། དཔེར་འཛིན་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་དུས་རབས་གསར་བའི་ནང་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ནེའུ་ཙེ་ལན་གྲོས་ཁང་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པར་དམིགས་པ་དང་། མུ་མཐུད་དུ་ཁྲིམས་འཛུགས་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་འདོད་ཡོད།
ཞི་ཕུའུ་ཅིན་སི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་འགོར་བའི་རིང་ལ། མཐོ་རིམ་འགྲོ་འོང་སྲུང་འཛིན་བྱས་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གསོན་ཤུགས་གསར་བ་བསྣན་ཡོད། ནེའུ་ཙེ་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་འཁྱོལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་མི་གཞུང་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས། རྒྱུན་ཆད་མེད་པར་ནེའུ་ཙེ་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཨོ་ཡུན་ཨེར་ཏིན་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱི་གསེར་ལས་ལྷག་པའི་ཁྱིམ་མཚེས་བཟང་བོ་ཡིན་ཞིང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། དེང་རབས་ཅན་གྱི་བགྲོད་ལམ་སྟེང་ལག་རྡང་སྦྲེལ་ནས་མཉམ་སྐྱོད་བྱེད་པ། ཕན་ནུས་ལྡན་པའི་སྒོ་ནས་རང་རང་གི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པ། ཐུན་མོང་དར་རྒྱས་མངོན་འགྱུར་བྱས་ཏེ། ཀྲུང་གོ་དང་མོང་གོལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་བར་གྱི་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད་ཅིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་ཐད་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད།
ཨོ་ཡུན་ཨེར་ཏིན་གྱིས་བསྟན་དོན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་ལ། ཀྲུང་གོས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་གཞི་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོའི་རྒྱལ་སྐྱོང་ཏང་སྐྱོང་གི་ཉམས་མྱོང་དཔྱད་གཞིར་བཟུང་ནས་སློབ་སྦྱོང་དང་ཀྲུང་གོ་དང་མཉམ་དུ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་བཅའ་ཁྲིམས་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།
ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་རྣམ་གཉིས་ཀྱིས་གཏན་འཁེལ་བྱས་པའི་འཐབ་ཇུས་ཁ་ཕྱོགས་གཞིར་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་བཤེས་སྲ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱུན་ཆད་མེད་པར་ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་དུས་རབས་གསར་བའི་ནང་དོན་གསར་བ་ཁ་སྣོན་བྱེད་དགོས། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་བར་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ཐུན་མོང་གི་གླེང་གཞི་མང་བོ་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཡོ་ནན་རྒྱལ་ཚོགས་དང་མཉམ་དུ། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་སེམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཐད་སྔར་ལས་འབད་བརྩོན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཧྥན་མེན་ཀྲིན་གྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་ཡོངས་ཀྱི་གོ་སྐབས་ཡིན། ཡོ་ནན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་གོ་གནས་གལ་ཆེན་དུ་བཞག་ཡོད། ཡོ་ནན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་བར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་ས་ཁུལ་གྱི་གཏན་འཇགས་སྲུང་སྐྱོབ་བྱེད་པ་དང་དར་རྒྱས་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།