ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་དང་ཡིག་ཆ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་སྟེང་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་ནན་མོ་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་པ། རིགས་སོ་སོའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བཟང་བོ་བྱེད་པ། ནུས་ཡོད་དངུལ་གཏོང་རྒྱ་བསྐྱེད་པ། དངོས་ཕུང་དཔལ་འབྱོར་བཟང་བོར་གཉེར་བ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་པ། དངུལ་རྩའི་ཞབས་ཞུ་ལེགས་སྒྱུར་བཅས་བྱས་ཏེ་དཔལ་འབྱོར་རྒྱུན་ཆད་མེད་པར་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲི་ཅང་དང་ཧྲང་ཧེ་རུ་སོང་ནས་རྟོག་ཞིབ་བརྗེ་རེས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་ཤུགས་སྣོན་དགོས་པའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། རང་འགུལ་གྱིས་རྗེས་འདེད་སྦྲེལ་མཐུད་ལ་ཤུགས་སྣོན་པ། མཉམ་ལས་གྲོས་མཐུན་དོན་འཁྱོལ་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ་ཁ་གཏོད་རོགས་སྐྱོར་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་སྐབས་གསུམ་པའི་སྤྱི་སྡོམ་སྙན་ཞུར་ཉན་པ་དང་། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བཞི་བ་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉེར་གཉིས་པའི་གྲ་སྒྲིག་བྱ་བའི་སྙན་ཞུར་ཉན། གྲོས་ཚོགས་སྟེང་ཉམས་མྱོང་ལ་སྤྱི་སྡོམ་ནན་མོ་བྱེད་པ་དང་སྐུལ་ཁྲིད་ནུས་པར་མཐོང་ཆེན་བྱེད་པ་སོགས་བྱས་ཏེ་བྱ་འགུལ་སྤེལ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། བདེ་འཇགས་དང་ལེགས་བསྡུའི་འདུ་ཤེས་འབུར་དུ་ཐོན་པར་བྱེད་པ་དང་། གཟབ་ནན་དང་ཞིབ་ཚགས། ནུས་མཐོ་བཅས་ཀྱི་སྒོ་ནས་འགྲེམ་ཚོགས་དང་འགྲན་སྡུར་གྱི་གྲ་སྒྲིག་བྱ་བར་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གནས་ཚུལ་དང་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོར་སྐུལ་འདེད་ནན་མོ་གཏོང་བ། བརླན་སའི་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྲུང་སྐྱོབ་ས་ཁུལ་གྱི་འཆར་འགོད་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པ་དང་། གླེང་སྟེགས་ཀྱི་བརྗོད་དོན་ལ་དམིགས་ནས་རྩ་འཛུགས་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྤུས་ཚད་མཐོ་བའི་སྒོ་ནས་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་རང་སྐྲུན་ཁང་བའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ཀྱིས་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། རང་སྐྲུན་ཁང་བའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྐྱོང་བྱེད་པ། ཡུན་ཕན་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཉིས་སྟོང་ཉེར་གཉིས་ལོའི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་པའི་ཕན་འབྲས་མངོན་གསལ་ཡིན་པའི་ས་ཁུལ་དང་སྡེ་ཁག་ལ་ལྟ་ཞིབ་སྐུལ་ལྕག་བཏང་བའི་སྐོར་གྱི་སྙན་ཞུ་ལ་ཉན། གྲོས་ཚོགས་སྟེང་ལྟ་སྐུལ་བྱེད་ཐབས་གསར་སྐྲུན་བྱེད་པ་དང་སྐུལ་ལྕག་ཐབས་ལམ་འཐུས་ཚང་དུ་བཏང་སྟེ་སྐུལ་ལྕག་ཁྲིད་ཕྱོགས་གསར་པས་ཁག་ཁུར་ཕོད་པ་དང་ལས་སྒྲུབ་ལས་གཏོད་ཀྱི་སྣང་ཚུལ་བཟང་བོ་གྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་སྲིད་གཞུང་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་དང་མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པའི་ས་ཆུ་སྲུང་འཛིན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཟི་ལིང་གྲོང་ཁྱེར་གྱི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ལ་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་བཟོ་བཅོས་འཐུས་ཚང་དུ་བཏང་རྗེས་གོ་རིམ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་མཆན་འགོད་པར་སྤྲོད་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།