ལི་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་པའི་བརྗེ་རེས་ཚོགས་འདུར་ཞུགས།
2023.06.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 90

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚེས་ཉེར་བདུན་ཉིན་ཐེན་ཅིན་དུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་པའི་བརྗེ་རེས་ཚོགས་འདུར་ཞུགས་ནས་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་བརྗེ་རེས་གནང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་དབྱི་ཝེ་ལ་དང་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་ནས་ཡོང་བའི་ཁེ་ལས་པ་བརྒྱ་དང་ཉི་ཤུ་ཙམ་ཚོགས་འདུར་ཞུགས།

ལི་ཆང་གིས་ཚོགས་ཞུགས་ཁེ་ལས་པའི་འཐུས་མིའི་གཏམ་བཤད་ལ་གསན་རྗེས་དེང་སྐབས་འཛམ་གླིང་ལ་དགོས་མཁོ་ཆེ་ཤོས་ནི་འབྲེལ་གཏུག་དང་བརྗེ་རེས་བྱ་རྒྱུ་དེ་ཡིན་པ་དང་། གལ་ཆེ་ཤོས་ནི་སྒོ་འབྱེད་དང་མཉམ་ལས་བྱ་རྒྱུ་དེ་ཡིན་པས། ཀྲུང་གོས་རང་ངོས་ཀྱི་འཕེལ་རྒྱས་ལ་གཞོལ་བར་མ་ཟད། ཕྱོགས་སོ་སོའི་བར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཧུར་ཐག་བྱས་པས་སྒོ་འབྱེད་དང་བསྐྱེད་ཡངས། ཁ་དན་ཚིག་གནས་བཅས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ང་ཚོས་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་སྦྲེལ་མཐུད་བྱས་ནས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། ཁྲོམ་ར་ཅན་དང་།ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མགྱོགས་མྱུར་ངང་གཏོད་རྒྱུ་ཡིན། ཀྲུང་གོ་འཕེལ་རྒྱས་སོང་ཚེ་འཛམ་གླིང་ལ་བསྣན་པ་ནི་བརྟན་ལྷིང་རང་བཞིན་དང་དྲང་ནུས་ཡིན་པ་དང་བདེ་འཇགས་ཚོར་སྣང་སྔར་ལས་ཇེ་མང་དུ་འགྲོ་གིན་ཡོད། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། ནང་མཁོ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་ཕྱོགས་སོ་སོ་དང་མཉམ་དུ་མདུན་ཕྱོགས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་ཆེར་བཏང་ནས་ཁེ་ལས་ཀྱི་དངུལ་གཏོང་འཕེལ་རྒྱས་ཐད་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་གསར་པ་གཏོད་འདོད་ཡོད། ཁེ་ལས་པ་རྣམས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་གྱི་ཁ་ཕྱོགས་སྟངས་འཛིན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་གྱི་གོ་སྐབས་འཚོལ་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་གྱི་སྟོབས་ཤུགས་བསྡུ་རུབ་བྱེད་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་དང་ཤར་བགྲོད་ཐུབ་རྒྱུར་མཉམ་དུ་སྲུང་སྐྱོང་བཅས་བྱ་རྒྱུའི་རེ་བ་ཡོད། ང་ཚོས་རྒྱལ་ཁབ་སོ་སོའི་ཁེ་ལས་པ་དང་མཉམ་དུ་ཆུ་ཚད་མཐོ་བའི་སྒོ་འབྱེད་མཉམ་ལས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་བཏང་སྟེ། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་གཏན་འཁེལ་རང་བཞིན་གྱི་སྟོབས་ཤུགས་སྔར་ལས་མང་པོ་སྣོན་འདོད་ཡོད། ཀྲུང་གོར་དངུལ་གཏོང་བྱེད་པ་ནི་སྔར་ལས་ལེགས་པའི་འབྱུང་འགྱུར་གདམ་ག་ཡིན་ཞེས་གསུངས།

ལི་ཆང་གིས་ད་དུང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཇི་ལྟར་བྱས་ནས་ཁེ་ལས་དང་མཉམ་ལས་དང་། གྲངས་གཞི་དོ་དམ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་གནད་དོན་ཐད་ཁེ་ལས་པའི་དྲི་བར་ལན་བཏབ། 

ཚོགས་ཞུགས་ཁེ་ལས་པའི་འཐུས་མིས་ཀྲུང་གོ་ནི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་ཤོས་ལྡན་པའི་ཁྲོམ་ར་ཞིག་ཡིན་པ་དང་། མ་འོངས་བར་སྔར་བཞིན་འཕར་སྣོན་འབྱུང་བའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པས། གོ་ལ་ཧྲིལ་པོའི་ཁེ་ལས་པས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཧུར་ཐག་གིས་ཞུགས་ཏེ་གཉིས་ཕན་མཉམ་ལས་ཀྱི་རོགས་རེས་འབྲེལ་བ་གཏོད་འདོད་ཡོད་ཅེས་བསྟན། 

ཁྲིན་མའེ་ཨེར་དང་ཝུའུ་ཀྲིན་ལུང་གཉིས་གོང་གསལ་བྱེད་སྒོར་ཞུགས། 

ཤ་བོ་གསེར་མཚོས་བསྒྱུར།