སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དྲུག་པ་བསྡུས།
2023.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དྲུག་པ་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མགོ་འཛིན་མཛད།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་ཡུན་གྱིས་ཕུལ་བའི་བཀག་མེད་ཁོར་ཡུག་འཛུགས་སྐྲུན་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་དང་། ཕྱི་ཕྱོགས་འབྲེལ་བའི་བཅའ་ཁྲིམས་བསམ་འཆར་སྐོར་གྱི་སྙན་ཞུ། རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་འཛུགས་པའི་ཆོད་དོན་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་བཅས་ལ་གསན་པ་དང་། འབྲེལ་ཡོད་ཀྱི་འཆར་ཟིན་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཆིན་ཅན་གྱིས་ཕུལ་བའི་རྒྱལ་ཁབ་མང་བོའི་སྦྲགས་སྲིད་མནའ་འབྲེལ་གྱི་རྩ་འཛུགས་བཅའ་ཁྲིམས་ཀྱི་ཟུར་སྣོན་གྲོས་ཆོད་ཡི་གེ་ཨང་དགུ་བ་དང་། ཁྲིམས་འགལ་གྱིས་འཕུར་སྐྱོད་ཡོ་བྱད་བཙན་ཁྲིད་བྱེད་པར་བཀག་འགོག་བྱེད་པའི་སྤྱི་ཆིངས་ཀྱི་ཁ་གསབ་གྲོས་ཆོད་ཡི་གེའི་གྲོས་ཞིབ་གནས་ཚུལ་དང་ཆོག་མཆན་བཀོད་པའི་གྲོས་ཆོད་འཆར་ཟིན་གྱི་སྙན་ཞུར་ཉན་ནས། ཆོག་མཆན་ཆིངས་ཡིག་གི་ཆོད་དོན་འཆར་ཟིན་མ་ལག་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲི་ཡའོ་པེན་གྱིས་ཕུལ་བའི་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་སྔོན་རྩིས་འཆར་ཟིན་དང་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་སྔོན་རྩིས་སྙན་ཞུའི་དཔྱད་ཞིབ་གནས་ཚུལ་དང་གྲོས་ཆོད་འཆར་ཟིན་གྱི་མ་ཡིག་སྐོར་གྱི་སྙན་ཞུར་ཉན་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་འགོད་པའི་གྲོས་ཆོད་འཆར་ཟིན་མ་ཡིག་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་འཛུགས་པའི་གྲོས་ཆོད་འཆར་ཟིན་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་འཛུགས་པའི་གྲོས་ཆོད་འཆར་ཟིན་གྱི་མ་ཡིག་ལ་གྲོས་ཞིབ་བྱས།

གྲོས་ཆོད་ལས་ད་རུང་ལིའུ་ཆི་ཡིས་ཕུལ་བའི་འབྲེལ་ཡོད་བསྐོ་འཇོག་བྱ་བའི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་ནས་གོང་སྨྲས་ཀྱི་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།


བསོད་ནམས་ཚེ་རིང་གིས་བསྒྱུར།