ལི་ཆང་གིས་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་ཆེ་རུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
2023.06.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་བདུན་པ་དང་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་འགྲེམས་ནུས་དུས་ཆེན་སྐབས་བཞི་པ་ཟླ་6པའི་ཚེས་27ཉིན་ཅི་ནན་དུ་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་ཆེ་རུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། དབང་པོ་སྐྱོན་ཅན་གྱི་རྩལ་ནུས་འཇོན་མི་ནི་མི་ཤུགས་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པས། རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་དབང་པོ་སྐྱོན་ཅན་གྱི་འགྲེམས་སྟོན་དུས་ཆེན་གཉེར་བ་དེ་དབང་པོ་སྐྱོན་ཅན་ངལ་རྩོལ་པའི་རྩལ་ནུས་དང་ཉམས་འགྱུར་མངོན་པ་དང་། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱིས་འབད་བརྩོན་ལྷོད་མེད་དང་འབད་འབུངས་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་གི་ནུས་པ་ཐོན་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་པོ་སྐྱོན་ཅན་བྱ་གཞག་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས་རང་འགན་གཙང་སྒྲུབ་དང་བྱ་གཞག་ཧུར་ཐག་གིས་སྒྲུབ་པ་དང་། དབང་པོ་སྐྱོན་ཅན་གྱི་ལས་རིགས་སློབ་གསོ་དང་ལས་རིགས་གསོ་སྦྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ལས་ཞུགས་ལས་སྐྲུན་ལ་མཛུབ་ཁྲིད་དང་རོགས་སྐྱོར་ཡག་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་གྱི་འགོག་རྐྱེན་སེལ་བ། གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱུ་བསྐྱེད་དུ་གཏོང་བ། དབང་བོ་སྐྱོན་ཅན་སྔར་ལས་མང་པོས་ངལ་རྩོལ་ལ་བརྟེན་ནས་ལས་ཞུགས་ལས་སྐྲུན་དང་བདེ་སྐྱིད་ཀྱི་འཚོ་བ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ངོ་མཚར་ཆེ་བའི་མི་ཚེ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

རྒྱལ་སྲིད་ཨུ་ཡོན་ཁྲིན་དབྱི་ཆིན་གྱིས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་བདུན་པ་དང་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་འགྲེམས་སྟོན་དུས་ཆེན་སྐབས་བཞི་པ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པར་མ་ཟད་འགོ་རྩོམ་མཛད་སྒོའི་འབྲེལ་ཡོད་བྱེད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།