མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་སྡེ་སྡོད་ལས་བྱེད་པར་གཟེངས་བསྟོད་བྱེད་པ་དང་སྐབས་གསར་བའི་སྡེ་སྡོད་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས། 
2023.06.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་སྡེ་སྡོད་ལས་བྱེད་པར་གཟེངས་བསྟོད་བྱེད་པ་དང་སྐབས་གསར་བའི་སྡེ་སྡོད་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་ཕུལ་བྱུང་སྡེ་སྡོད་ལས་བྱེད་པར་གཟེངས་བསྟོད་བྱས་ལ། བྱ་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་སྐབས་གསར་བའི་སྡེ་སྡོད་རོགས་སྐྱོར་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞཱ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྡེ་སྡོད་རོགས་སྐྱོབ་བྱ་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ། སྡེ་སྡོད་རོགས་སྐྱོབ་བྱ་བ་བསྒྲུབ་པ་དེ་གཏན་ཁེལ་གཉིས་ལ་སྲུང་སྐྱོང་དང་སྲུང་སྐྱོབ་གཉིས་སྒྲུབ་པའི་ལན་ལེན་དུ་བརྩི་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་རིགས་སོ་སོའི་མང་ཚོགས་མཉམ་དུ་ཕྱུག་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས་ལས་འགན་ཁག་དངོས་འབེབས་དོན་འཁྱོལ་བྱེད་དགོས། གྲོས་ཚོགས་ནས་རྒྱ་ཆེའི་སྡེ་སྡོད་ལས་བྱེད་པས་ལས་འགན་གཙོ་བོ་ཁ་གསལ་བྱེད་པ་དང་འགན་སྒྲུབ་ཁག་ཁུར་ནན་མོ་བྱེད་པ། རང་རྟོགས་ངང་འགན་ཁུར་བའི་རྣམ་འགྱུར་གྱིས་རྒྱུན་མཐུད་ངང་ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་སྡེ་བའི་ཏང་རྩ་འཛུགས་ཇེ་བརྟན་ཏུ་གཏོང་བ། སྡེ་བའི་གནས་བབ་ཇེ་བཟང་དུ་འགྲོ་བ་དང་སྡེ་མི་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ། དམངས་དོན་བསྒྲུབ་པའི་སྟེང་ཤུགས་འདོན་པ། སྡེ་སྡོད་རོགས་སྐྱོར་བྱ་བའི་ཕན་འབྲས་མུ་མཐུད་མཐོར་འདེགས་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་རང་རང་གི་བྱ་བར་གཙིགས་ཆེན་དང་རང་གི་འགན་འཁྲི་རང་གིས་ཁུར་ནས་སྡེ་སྡོད་ལས་བྱེད་པར་དོ་དམ་ནན་མོ་དང་གཅེས་སྐྱོང་བྱེད་པ་དང་། སྐབས་གསར་བའི་སྡེ་སྡོད་རོགས་སྐྱོར་བྱ་བར་གྲུབ་འབྲས་ཐོབ་པར་མཉམ་དུ་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་བས་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན། 

ཚོགས་ཐོག་ནས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས་པ་དང་ཕུལ་བྱུང་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་ཚན་ཆུང་གི་ཁོངས་མིར་བྱ་དགའ་བྱིན། བློ་མཐུན་དྲུག་གིས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རྩ་འཛུགས་སྡེ་ཁག་དང་ཞིང་ཆེན་མངགས་གཏོང་ལས་ཁུངས། ཕུལ་བྱུང་སྡེ་སྡོད་ལས་བྱེད་པ། སྐབས་གསར་བའི་སྡེ་སྡོད་ལས་པ་བཅས་ཀྱི་ཚབ་བྱས་ནས་བརྗེ་རེས་གཏམ་བཤད་སྤེལ།

མི་ཕམ་མགོན་པོས་བསྒྱུར།