རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཐེན་ཅིན་དུ་2023ལོའི་དབྱར་དུས་ཀྱི་ཏ་ཝོ་སིའི་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་དང་པ་པ་ཏའོ་སིའི་ཙུང་ལི་མོ་ཐི་ལི། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨིའར་ཏིང་། ནེའུ་ཙི་ལན་གྱི་ཙུང་ལི་ཞི་ཕུའུ་ཅིན་སི། ཡོ་ནན་གྱི་ཙུང་ལི་ཧྥན་མིང་ཀྲིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་དབྱི་ཝུའེ་ལ་བཅས་དང་། དེ་བཞིན་རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་ནས་ཡོང་བའི་ལས་རིགས་ཁག་གི་འཐུས་མི་1500ཙམ་འགོ་རྩོམ་མཛད་སྒོར་ཞུགས།
ལི་ཆང་གིས་བསྟན་དོན། འདས་ཟིན་པའི་ལོ་འགའི་ནང་དུས་རབས་ཀྱི་རིམས་ནད་དང་ལོ་བརྒྱའི་འགྱུར་ལྡོག་མཉམ་དུ་འདྲེས་པས་ང་ཚོ་གནས་པའི་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མངོན་མེད་ཀྱི་བཀག་འགོག་བརྒྱུད་ང་ཚོས་འབྲེལ་གཏུག་དང་བརྗེ་རེས་ལ་སྔར་ལས་གཅེས་སྤྲས་བྱས་ནས་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། དཔལ་ཡོན་མི་འདྲ་བ་བཅས་ཀྱིས་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་བསམ་ཚུལ་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། མི་མཐུན་པའི་ཆ་སེལ་བ། ཐུན་མོང་གི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉམས་ཉེན་ལ་ཁ་གཏད་འཇལ་བར་ང་ཚོས་མཐུན་སྒྲིལ་དང་མཉམ་ལས་ལ་སྔར་བས་གཅེས་འཛིན་དང་།གཉིས་ཕན་མཉམ་རྒྱལ་ཡོང་བའི་འདུ་ཤེས་སྔར་བས་འཛུགས་པ།གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། འཛམ་གླིང་ཧྲིལ་པོ་ཅན་གྱི་དཔལ་འབྱོར་ཉམས་ཉེན་བརྒྱུད་མྱོང་བས། ང་ཚོས་མཐུན་སྒྲིལ་དང་མཉམ་སྤྱོད་ལ་སྔར་ལས་བརྩི་མཐོང་ཆེན་པོ་དང་། སྔར་ལས་མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་བཙུགས་ནས་འཛམ་གླིང་ཧྲིལ་བོ་ཅན་གྱི་འགྲན་སློང་ལ་ཁ་གཏད་འཇལ་དགོས་པ་དང་། མིའི་རིགས་ཀྱི་དཔལ་ཡོན་ཡར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་འགལ་རྐྱེན་དང་འཕྲད་མྱོང་བས། ང་ཚོས་སྔར་ལས་སྒོ་འབྱེད་དང་མཉམ་སྤྱོད་ལ་གཅེས་སྤྲས་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ནས་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་མི་འདྲ་བ་དང་མི་ཚོགས་མི་འདྲ་བར་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་ཕན་ཐོགས་པར་བྱ་དགོས། གདོང་ཐུག་དང་ཟང་ཟིང་གི་གནས་ཚུལ་ལ་འཕྲད་མྱོང་ཡོད་པས་ང་ཚོས་ཞི་བདེ་དང་བརྟན་ལྷིང་ལ་སྔར་ལས་གཅེས་སྤྲས་བྱེད་དགོས། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་པའི་འདུ་ཤེས་ཀྱི་སྣེ་ཁྲིད་འོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ཐུན་མོང་ཐོག་དོན་འཁྱོལ་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཧུར་ཐག་གིས་སྐྲུན་དགོས་ཞེས་གསུངས།
ལི་ཆང་གིས་བསྟན་དོན། འདས་ཟིན་པའི་ལོ་བཅུའི་ནང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན། མ་འངོས་པའི་དུས་ཚོད་རིང་པོའི་ནང་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་འབྱུང་བར་མུ་མཐུད་དུ་འགུལ་ནུས་སྟོབས་ཆེན་མཁོ་འདོན་བྱ་རྒྱུ་ཡིན། ང་ཚོས་རྒྱལ་ཁབ་སོ་སོའི་ཁེ་ལས་པ་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་འཛམ་གླིང་ཅན་ལ་རྒྱབ་སྐྱོར་དང་།བློ་བརྟན་འགྱུར་མེད་ངང་ཁྲོམ་རའི་དཔལ་འབྱོར་སྲུང་སྐྱོང་། བློ་བརྟན་འགྱུར་མེད་ངང་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བཅས་བྱས་ཏེ་འཛམ་གླིང་དཔལ་འབྱོར་སྔར་ལས་ཀུན་ཕན་དང་། སྔར་ལས་མཉེན་གཤིས་ལྡན་པ། སྔར་ལས་རྒྱུན་མཐུད་བཅས་ཀྱི་མ་འོངས་པའི་ཕྱོགས་སུ་སྐྱོད་རྒྱུར་ཁྲིད་སྟོན་བྱེད་འདོད་ཡོད་ཅེས་གསུངས།
ཤ་བོ་གསེར་མཚོས་བསྒྱུར།