ཧན་ཀྲིན་གྱིས་སོ་སོར་མཱ་ལ་ཝེ་ཡི་ཙུང་ཐུང་དང་ཐན་ཙན་ནི་ཡའི་སེང་ཀེ་པཱ་ཨར་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་སོ་སོར་ཧུའུ་ནན་ཁྲང་ཧྲ་རུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚོང་དངོས་མང་བཤམས་སྟོན་སྐབས་གསུམ་པར་ཞུགས་མཁན་གྱི། མཱ་ལ་ཝེ་ཡི་ཙུང་ཐུང་ཁྲ་ཁི་ཝེ་ལཱ་དང་ཐན་ཙན་ནི་ཡའི་སེང་ཀེ་པཱ་ཨར་གྱི་ཙུང་ཐུང་མུའུ་ཝེ་ཉིས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཁྲ་ཁི་ཝེ་ལཱར་མཇལ་འཕྲད་གནང་སྐབས་ཀྲུང་གོ་དང་མཱ་ལ་ཝེ་ནི་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ཡིད་ཆེས་བྱེད་པའི་འཕེལ་རྒྱས་ཀྱི་སྤུན་ཟླ་གལ་ཆེན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཁྲ་ཁི་ཝེ་ལཱ་ ཡི་ཐུན་མོང་གི་ཐུགས་ཁུར་དང་ཁྲིད་སྟོན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོ། བདེ་ཐང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་ནས་མཉམ་ལས་ལ་གྲུས་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཱ་ལ་ཝེ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་ངང་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། མཱ་ལ་ཝེ་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མུ་མཐུད་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། མཱ་ལ་ཝེ་ཕྱོགས་ཀྱི་ཁེ་ལས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚང་དངོས་མང་བཤམས་སྟོན་སོགས་ཀྱི་སྟེགས་བུ་སྤྱད་དེ། རྒྱལ་ཁབ་གཉི་ཀའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་དགའ་བསུ་ཞུས་པ་ཡིན་ཞེས་གསུངས།

ཁྲ་ཁི་ཝེ་ལཱ་ལ་ཡིས་ཀྲུང་གོ་ཕྱོགས་ཀྱིས་མཱ་ལ་ཝེ་ཡི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེས་བཅོས་ཐད་རྒྱབ་སྐྱོར་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། མཱ་ལ་ཝེ་ཡིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན།

ཧན་ཀྲིན་གྱིས་མུའུ་ཝེ་ཉིས་དང་མཇལ་འཕྲད་གནང་སྐབས་ཀྲུང་གོ་དང་ཐན་ཙན་ནི་ཡ་ནི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ། རོགས་པ་བཟང་པོ་བཅས་ཡིན། ཀྲུང་གོ་དང་སེང་ཀེ་པཱ་ཨར་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་ནི་ཀྲུང་གོ་དང་ཐན་ཙན་ནི་ཡའི་འབྲེལ་བ་ཡི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་བར་དུ་མཉམ་ལས་ཀྱི་རྣམ་པ་བཟང་པོ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། འབྲེལ་གཏུག་བརྗེ་རེས་ལ་ཤུགས་སྣོན་པ་དང་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

མུའུ་ཝེ་ཉིས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཐན་ཙན་ནི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉི་ཀའི་གཙོ་འཛིན་གྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཏུ། ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།