ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཡོས་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཡོ་ནན་རྒྱལ་ཁབ་ཀྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཡོས་ནན་གྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ང་ཚོས་ཡོས་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་ཡག་པོ་བསྐྱོད་པ་དང་། རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཡོས་ནན་ཕྱོགས་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་བཟུང་ནས། རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་དང་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་འདོད་ཡོད་ཅེས་གསུངས།
ཧྥན་མེན་ཀྲིན་གྱིས་ཀྲུང་གོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་གྲུབ་འབྲས་རླབས་ཆེན་ཐོབ་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བྱེད་ཀྱི་སྒུལ་ཤུགས་སུ་གྱུར་ཡོད། ཡོས་ནན་གྱིས་ལས་དོན་དེར་སྙིང་ཐག་པ་ནས་བརྩི་འཇོག་བྱེད་ཀྱིན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གསར་གཏོད་གཞུང་ལུགས་ཀྱི་གྲུབ་འབྲས་དཔྱད་གཞིར་བཟུང་ནས། ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས། ཕྱོགས་གཉི་ཀའི་མཐུན་སྒྲིལ་མཛའ་མཐུན་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།
ཧྲི་ཐའེ་ཧྥུན་དང་ཁྲིན་ཝུའུ། ཝང་ཏུང་ཧྥུན་སོགས་མཇལ་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།