ལིས་ཆང་གིས་ནེའུ་ཙི་ལན་གྱི་ཙུང་ལིར་གྲོས་མོལ་གནང་།
2023.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ནེའུ་ཙི་ལན་གྱི་ཙུང་ལིས་ཞི་ཕུའུ་ཅིན་ཟིར་གྲོས་མོལ་གནང་།

ལིས་ཆང་གིས་ཀྲུང་གོ་དང་ནེའུ་ཙི་ལན་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལྷག་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་ནས། སྤྱི་ཚོགས་ཀྱི་ལམ་ལུགས་དང་ལོ་རྒྱུས་རིག་གནས། འཕེལ་རྒྱས་ཀྱི་དུས་རིམ། དཔལ་འབྱོར་དངོས་ཕུང་བཅས་མི་འདྲ་བའི་རྒྱལ་ཁབ་ཀྱི་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་དུ་གྱུར་ཡོད། སང་ལོར་ཀྲུང་གོ་དང་ནེའུ་ཙི་ལན་གྱིས་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བར་དགའ་བསུ་ཞུ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་སྲོལ་རྒྱུན་གྱི་མཛའ་མཐུན་སྔར་ལས་ཇེ་དམ་དུ་བཏང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་ལེགས་བསྐྲུན་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་ལ་ཕན་པ་བསྐྲུན་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་ལས་ཀྱི་ཐབས་ལམ་ནི་འཇིག་རྟེན་གྱི་ལམ་བུ་ཡང་དག་ཅིག་ཡིན། ཀྲུང་གོས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་དངོས་ཀྱི་ཁྲོད་དུ། ཀྲུང་གོའི་སྒོ་མོ་ཇི་ཙམ་ཕྱེས་པ་དེ་ཙམ་གྱིས་ཆེ་རྒྱས་ཇེ་ལེགས་སུ་འགྲོ་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་ཀྲུང་གོའི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་གསར་པ་མཉམ་སྤྱོད་བྱས་ཏེ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས། གཉིས་ཕན་མཉམ་ལས་སྔར་ལས་གང་མང་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་རིམ་སྤོར་གྲོས་ཆོད་བེད་སྤྱོད་ཡག་པོ་བྱས་ནས། ཉོ་ཚོང་དངུལ་གཏོང་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ལ། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར། གསར་གཏོད་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ནས། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྒུལ་ནུས་གསར་པ་སྣོན་དགོས། མཉམ་དུ་རང་མོས་ཉོ་ཚོང་དར་སྤེལ་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ས་ཁོངས་མཉམ་ལས་ལ་རྒྱབ་སྐྱོར་བྱས་ཏེ། ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་དགོས། སློབ་གསོ་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། མི་ཆོས་རིག་གནས་བརྗེ་རེས་ཀྱི་འབྲེལ་ཐག་གསར་པ་སྔར་ལས་ཇེ་དམ་དུ་གཏོང་དགོས་ཞེས་གསུངས།

ཞི་ཕུའུ་ཅིན་ཟི་ཡིས་ནེའུ་ཙི་ལན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་སྒོ་འབྱེད་ལས་བྱུང་བའི་གོ་སྐབས་ལ་སྤྲོ་སེམས་འཕེལ་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། སློབ་གསོ། སླར་སྐྱེས་ནུས་ཁུངས། ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དང་ཕྱོགས་མང་ལས་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་པ་དང་། དཔལ་འབྱོར་སླར་གསོ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། ཀྲུང་གོའི་ཁེ་ལས་པ་དང་ཡུལ་སྐོར་བ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་བཅས་སྔར་ལས་གང་མང་ནེའུ་ཙི་ལན་དུ་ཡོང་བར་དགའ་བསུ་ཞུས་པ་ཡིན་ཞེས་བསྟན།

གྲོས་མོལ་གྲོལ་རྗེས་རྒྱལ་ཁབ་གཉི་ཀའི་ཙུང་ལི་ཡིས་ཚན་རྩལ་དང་སློབ་གསོ། ཞིང་ལས། ནགས་ལས། ནད་ཡམས་བརྟག་ཞིབ། ཟས་རིགས་བདེ་འཇགས། ཤེས་བྱའི་བདག་དབང་སོགས་ཕྱོགས་གཉི་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་།

ལིས་ཆང་གིས་གྲོས་མོལ་མ་བྱས་པའི་སྔོན་ལ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཞི་ཕུའུ་ཅིན་ཟི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།