ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྤྲོད་པའི་མཛད་སྒོ་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་མོའི་ནང་དུ་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ཐོབ་སྤྲོད་པའི་མཛད་སྒོར་ཞུགས།
ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་སུམ་ཅུའི་སྟེང་དུ། ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྤྲོད་པའི་མཛད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་འགྲོས་དང་བསྟུན་ནས་སྤེལ་མགོ་བརྩམས་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྤྲོད་པའི་བཀའ་རྒྱ་སྒྲོག་འདོན་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་གིས་གོ་ཐོབ་སྤྲོད་པའི་མཛད་སྒོར་མགོ་འཛིན་བྱས།
ཐེངས་འདིར་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་སྤྲད་པའི་དམག་དཔོན་ནི་ བྱང་ཕྱོགས་གཡུལ་འགྱེད་ས་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཀྲིན་ཞོན་དང་དམག་དོན་ཚན་རིག་ཁང་གི་ཆབ་སྲིད་ཨུ་ཡོན་ལིན་ཧོན་ཞིན་ཡིན།
ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་སྤྲད་པའི་དམག་དཔོན་གཉིས་དཔའ་ཉམས་ལྡན་པའི་ངང་ཀྲུའུ་ཞི་སྟེགས་བུའི་མདུན་ཐད་དུ་ཡོང་བ་ན། ཞི་ཅིན་ཕིང་གིས་དམག་དཔོན་གཉིས་ལ་བཀའ་རྒྱའི་ཡི་གེ་གནང་ནས་རྟེན་འབྲེལ་ཞུས། ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་དཔུང་རྟགས་བཏགས་པའི་དམག་དཔོན་གཉིས་ཀྱིས་ཞི་ཅིན་ཕིང་དང་མཛད་སྒོར་ཞུགས་མཁན་གྱི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པར་ཚོགས་ར་ཡོངས་ནས་ཐལ་མོའི་རྡེབ་སྒྲ་གྲགས།
གོ་ཐོབ་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་གྲོལ། དེའི་རྗེས་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་རྣམས་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་སྤྲད་པའི་དམག་དཔོན་དང་མཉམ་དུ་སྐུ་པར་བསྐྱོན།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིས་ཧྲང་ཧྥུའུ་དང་ལིའུ་ཀྲིན་ལིས། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་དང་། དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་དུ་ཡོད་པའི་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་ཐོབ་སྤྲོད་པའི་མཛད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།