ལིས་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨུ་འར་ཏིན་དང་གྲོས་མོལ་མཛད།
2023.06.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏིན་དང་གྲོས་མོལ་མཛད། ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་རི་ཆུ་གཅིག་ཏུ་འབྲེལ་ཞིང་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་པས་ཡུན་རིང་བརྟན་ལྷིང་གི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་རྣམ་གཉིས་ཀྱིས་གྲུབ་འབྲས་ཐོབ་པའི་ངང་ཐུག་འཕྲད་གནང་ནས་དུས་རབས་གསར་པའི་ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་ཀྲུང་གོ་དང་མོང་གོལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་ངང་སྐྲུན་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་མོང་གོལ་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མོང་གོལ་རྒྱལ་ཁབ་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་གསར་པ་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་སྦྲེལ་མཐུད་ཡག་པོ་བྱས་ཏེ་སྤུས་ཚད་མཐོན་པོས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་ནས་ཚོང་དོན་དངུལ་གཏོང་འགྲོ་འོང་ཤར་བགྲོད་ཐུབ་པ་དང་། གཏེར་ཐོན་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། མཐའ་མཚམས་འགག་སྒོ་ཕན་ཚུན་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་པ། བྱེ་འགོག་བྱེ་བཅོས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཡུལ་སྐོར་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་འཆམ་མཐུན་ཡོང་རྒྱུར་སྐུལ་མ་གཏོང་བ། གཉིས་ཕན་མཉམ་རྒྱལ་འཕེལ་རྒྱས་ཀྱི་ཟླ་གྲོགས་ཡག་པོ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མུ་མཐུད་དུ་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས།

ཨའོ་ཡུན་ཨེར་ཏིན་གྱིས་བསྟན་དོན། མོང་གོལ་རྒྱལ་ཁབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་མཉམ་གནས་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱེད་པ། འགྲོ་འོང་དང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བཅས་བྱས་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོ་ཡིན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱ་ཆེད་རྩ་ཆེའི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མོང་གོལ་རྒྱལ་ཁབ་ཀྱི“2050”ཡི་ཡུན་རིང་འཕེལ་རྒྱས་སྲིད་ཇུས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་དང་སྦྲེལ་མཐུད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འགག་སྒོ་དང་། ནུས་ཁུངས་དང་གཏེར་ཁ། ཚན་རྩལ། ཡུལ་སྐོར། རུལ་སུངས་ལ་ངོ་རྒོལ། བྱེ་འགོག་བྱེ་བཅོས། གྲོང་ཁྱེར་འཆར་འགོད།ན་གཞོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མོང་གོལ་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས།

གྲོས་མོལ་མཇུག་སྒྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་འགྲིམ་འགྲུལ་དང་དངུལ་རྩ། ནད་ཡམས་བརྟག་ཞིབ། སྨྱན་སྦྱོར། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་བྱས།

གྲོས་མོལ་མ་བྱས་གོང་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཨའོ་ཡུན་ཨེར་ཏིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།

ཉིན་དེའི་སྔ་དྲོར་ཨའོ་ཡུན་ཨེར་ཏིན་གྱིས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

ཤ་བོ་གསེར་མཚོས་བསྒྱུར།