ཧན་ཀྲིན་སྐབས་གསུམ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་འགྲེམ་སྟོན་ཚོགས་འདུའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
2023.06.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 6

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཚེས་29ཉིན་ཧུའུ་ནན་ཁྲང་ཧྲ་རུ་སྐབས་གསུམ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་འགྲེམ་སྟོན་ཚོགས་འདུའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། མ་ལ་ཝེའི་ཙུང་ཐུང་ཁྲ་ཁི་ཝའེ་ལ་དང་། ཐན་ཙི་ནི་ཡའི་སང་ཕུའུ་པར་གྱི་ཙུང་ཐུང་མུའུ་ཝའེ་ཉི། ཨ་ཧྥེ་རི་ཁ་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྱི་དྲུང་ཡིག་ཆེན་མོ་མེ་ནེ་བཅས་དང་། རྒྱལ་ཁབ་དང་ས་ཁུལ་རེ་བརྒྱད་ནས་ཡོང་བའི་ལས་རིགས་ཁག་གི་འཐུས་མི་སྟོང་ལྷག་ཙམ་འགྲེམ་སྟོན་ཚོགས་འདུར་ཞུགས།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་འགྲེམ་སྟོན་ཚོགས་འདུ་འཛུགས་རྒྱུ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་ཆོག་མཆན་སྤྲད་པའི་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། 2013ལོའི་ཟླ་3པར་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་ཧྥེ་རི་ཁར་འཚམས་འདྲིར་ཕེབས་སྐབས་ཨ་ཧྥེ་རི་ཁར་ལྷག་བསམ་རྣམ་དག་གིས་སྲིད་ཇུས་ཀྱི་འདུ་ཤེས་དང་འོས་འགན་དང་ཁེ་ཕན་གྱི་ལྟ་བ་ཡང་དག་ཐོག་མར་བཏོན། ལོ་བཅུའི་རིང་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་མཐུན་དང་མཐུན་སྒྲིལ་མཉམ་ལས་བྱས་ཡོད་པས། མཐོ་རིམ་འགྲོ་འོང་སྔར་ལས་དམ་ཟབ་དང་། མཉམ་ལས་གཞི་ཁྱོན་སྔར་ལས་རྒྱ་སྐྱེད། མཉམ་ལས་ཁྱབ་ཁོངས་རྒྱུན་མཐུད་རྒྱ་སྐྱེད་བཅས་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་དང་མཉམ་ལས་མཉམ་རྒྱལ་གྱི་ཁེ་ཕན་གཅིག་མཐུན་ཚོགས་པ་ཆགས་པ་དང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱ་ཆེའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ཟེར།

ཧན་ཀྲིན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ཐོག་འགྲན་སློང་དང་ཉམས་ཉེན་མང་པོ་མཉམ་དུ་འདྲེས་ནས་འཕེལ་རྒྱས་ཀྱི་འགལ་རྐྱེན་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཨ་ཧྥེ་རི་ཁ་ཕྱོགས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཨ་ཧྥེ་རི་ཁ་རང་བཙན་རང་བདག་གི་འཕེལ་རྒྱས་ལམ་བུའི་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་འཐབ་ཇུས་འབྲེལ་མཐུད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། རྒྱུན་མཐུད་འཕེལ་རྒྱས་ལ་ཐུན་མོང་ཐོག་དོ་ཁུར་བྱེད་པ། བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྔར་ལས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དེ་ཕྱོགས་མང་བ་དང་། རིམ་པ་མང་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་མཉམ་ལས་དང་རྒྱལ་སྤྱིའི་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་དཔེ་མཚོན་བཏོད་ཡོད། སྐབས་འདིའི་དངོས་མང་འགྲེམ་སྟོན་ཚོགས་འདུའི་སྟེང“འཕེལ་རྒྱས་མཉམ་གཉེར་དང་མ་འོངས་མཉམ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་བར་སྦྲེལ་མཐུད་བརྗེ་རེས་དང་མཉམ་ལས་ཞིབ་བསྡུར་བྱེད་པའི་སྟེགས་བུ་བཟང་པོ་ཞིག་གཏོད་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་རིགས་སོ་སོ་དངོས་མང་འགྲེམ་སྟོན་ཚོགས་འདུའི་ནང་ཧུར་ཐག་གིས་ཞུགས་ནས་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ནས་དུས་རབས་གསར་པའི་དར་རྒྱས་དང་འཕེལ་རྒྱས་ཀྱི་མ་འོངས་གསར་པ་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

འགོ་རྩོམ་མཛད་སྒོ་མ་འཚོག་གོང་། ཧན་ཀྲིན་གྱིས་འགྲེམ་སྟོན་ཚོགས་འདུར་ལྟ་སྐོར་བྱས་ནས་གནས་ཚུལ་ཡར་ཞུ་ལ་གསན་པ་དང་འགྲེམ་ཞུགས་ལས་ཁུངས་ཀྱི་འགན་འཁུར་བ་དང་ཕན་ཚུན་བརྗེ་རེས་བྱས།

ཤ་བོ་གསེར་མཚོས་བསྒྱུར།