ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་ཉེར་བརྒྱད་ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་གནང་། ཁོང་གིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཏང་ཀྲུང་དབྱང་གི་སྲིད་ཇུས་གལ་ཆེན་དང་། ཐབས་ཇུས་བཀོད་སྒྲིག རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་བཅས་སློབ་སྦྱོང་དང་གོ་བ་ལེན་པ། ཆབ་སྲིད་ཀྱི་ལངས་གནས་དང་ཆེད་ལས་ཀྱི་ཆུ་ཚད། བཅའ་ཁྲིམས་ཀྱི་བྱང་ཚད་བཅས་མཐོ་རུ་གཏོང་བ། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བ་དང་དུས་རབས་གསར་པའི་ཁྲིམས་འཛུགས་ལས་དོན་ཡག་པོ་བསྒྲུབ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་འཐུས་མི་ཚོས་ཁྲིམས་འཛུགས་འཆར་འགོད་བཟོ་བ་དང་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་རྒྱུར་དམིགས་ནས་འགན་འཁྲི་སྒྲུབ་པ་དང་རྟོག་ཞིབ་བྱས་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་བསམ་འཆར་དང་གྲོས་གཞི་བཏོན། ཀྲའོ་ལི་ཅི་ཡིས་ནན་ཏན་གྱིས་ཉན་རྗེས་ཚང་མ་དང་ཕན་ཚུན་བརྗེ་རེས་གནང་། ཁོང་གིས་བསྟན་དོན། ཁྲིམས་འཛུགས་འཆར་འགོད་བཟོ་བ་དང་ཁྲིམས་འཛུགས་ལས་དོན་ཡག་པོ་སྒྲུབ་པར་མང་ཚོགས་ལམ་ཕྱོགས་ལག་ལེན་དུ་བསྟར་ནས་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། མི་དམངས་ཀྱི་བསམ་འདུན་མཚོན་པར་བྱས་ཏེ་ཁྲིམས་འཛུགས་ཐད་མང་ཚོགས་དང་འབྲེལ་གཏུག་དང་། དམངས་ཀྱི་གནས་ཚུལ་བརྟག་དཔྱད་བྱེད་པ། དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ། དམངས་ཚིས་ལ་ཕན་པ་བཅས་ཡོང་བར་བྱེད་དགོས།
ཀྲའོ་ལི་ཅི་ཡིས་བསྟན་དོན། བཅའ་ཁྲིམས་ཀྱི་གྲོས་གཞི་གལ་ཆེན་རྒྱལ་ཡོངས་དམངས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་གཅིག་གྱུར་བཀོད་སྒྲིག་བྱས་ནས་འཐུས་མི་བཅའ་ཁྲིམས་ཀྱི་གྲོས་གཞིར་གྲོས་ཞིབ་དང་བརྡས་ཐག་གཅོད་པའི་ནང་ཐད་ཀར་ཞུགས་སུ་འཇུག་དགོས། ཚོགས་འདུ་མ་འཚོགས་གོང་འཐུས་མི་རྩ་འཛུགས་བྱས་ཏེ་བཅའ་ཁྲིམས་སྐོར་གྱི་གྲོས་གཞི་ཞིབ་ཀློག་དང་གྲོས་བསྡུར་བྱེད་པ་དང་། འཐུས་མིར་ཁྲིམས་འཛུགས་ཀྱི་རྒྱབ་ལྗོངས་དང་།གྲོས་ཞིབ་བྱས་ཚུལ། གཙོ་གནད་གནད་དོན་སོགས་བརྡ་ཁྱབ་བཏང་ནས་ཚོགས་ཆེན་སྟེང་གྲོས་ཞིབ་ལ་ཞུགས་རྒྱུ་དང་བརྡས་ཐག་གཅོད་རྒྱུར་གྲ་སྒྲིག་ཡག་པོ་བྱས་ཏེ་གྲོས་ཞིབ་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་ཁྲིམས་འཛུགས་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་རྒྱུར་འགན་ལེན་བྱེད་དགོས།
ཀྲའོ་ལི་ཅི་ཡིས་བསྟན་དོན། འཐུས་མིའི་གྲོས་གཞིར་གྲོས་ཞིབ་དང་། འཐུས་མིའི་གྲོས་གཞི་སྒྲུབ་པ་དེ་ཁྲིམས་འཛུགས་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། འཐུས་མིའི་གྲོས་གཞི་དང་གྲོས་གཞིའི་ནང་དོན་ལ་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱས་ཏེ། འཐུས་མིའི་ལྟ་བ་ཡང་དག་དེ་ཁྲིམས་འཛུགས་འཆར་འགོད་བཟོ་བ་དང་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་བྱེད་པའི་ཁྲོད་དུ་མཚོན་པར་བྱ་དགོས། འཐུས་མིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་དོན་ནང་ཞུགས་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཆེ་རུ་གཏོང་དགོས།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་གཞི་ཚུགས་ནས་རྟོག་ཞིབ་གཏིང་ཟབ་བྱེད་དགོས། ཁྲིམས་འཛུགས་ལས་དོན་གྱི་རྐྱེན་སྲོལ་དང་གོ་རིམ་ལ་ཆ་རྒྱུས་ཡོད་པ་དང་། རང་ངོས་ཀྱི་ཆེད་ལས་ཁྱད་ཆོས་འདོན་སྤེལ་བྱེད་པ། དགེ་མཚན་ལྡན་པའི་བསམ་འཆར་མང་ཙམ་འདོན་པ། ཁྲིམས་འཛུགས་ལས་དོན་ནང་ཞུགས་པའི་ཉམས་མྱོང་དངོས་དང་ཟུང་འབྲེལ་བྱེད་པ། བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྱབ་གདལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་བཅས་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།
ཤ་བོ་གསེར་མཚོས་བསྒྱུར།