ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལྟ་ཞིབ་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཐེངས་གསུམ་པའི་ལྟ་ཞིབ་སྐུལ་སློང་ཚོགས་འདུ་བསྡུས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཝང་ཡུང་གིས་སྐོར་ཞིབ་བྱ་བའི་ཚན་གཙོ་བསྐོ་འཇོག་དང་ལས་འགན་ཁག་བགོས་ཀྱི་ཆོད་དོན་བསྒྲགས།
ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བར་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱེད་པ་དང་། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྐོར་ཞིབ་བྱ་བའི་ལས་འགན་དང་འགན་འཁྲིར་གོ་བ་ཡང་དག་བླངས་ནས་ཆབ་སྲིད་སྐོར་ཞིབ་ལྟ་ཞིབ་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། སྐོར་ཞིབ་ལྟ་ཞིབ་ཀྱི་བཅོས་སྒྱུར་དང་གྲུབ་འབྲས་ཇེ་དྲག་ཏུ་བཏང་ནས་སྐོར་ཞིབ་ལྟ་ཞིབ་གོང་འོག་མཉམ་འབྲེལ་བྱེད་པར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཐེངས་གསུམ་པའི་སྐོར་ཞིབ་བྱ་བ་ལེགས་པར་བསྒྲུབ་དགོས། རྒྱུན་ལྡན་སྐོར་ཞིབ་ཁྲོད་དོན་འཁྱོལ་བྱེད་པ་བཞིར་དམིགས་ནས་ཁུལ་དང་རྫོང་གིས་ཞིབ་འཇུག་དང་ཐག་གཅོད་གཞི་གཅིག་ཅན་དང་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། སྐོར་ཞིབ་ལྟ་ཞིབ་མཉམ་འབྲེལ་གྱིས་མང་ཚོགས་ཀྱིས་བཏོན་པའི་འབུར་ཐོན་གནད་དོན་ལ་དམིགས་ནས་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་བཀག་ཐེབས་པའི་འབུར་ཐོན་གནད་དོན་འཚོལ་བ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་བླང་བྱ་གལ་ཆེན་ལ་དམིགས་བཙུགས་ནས་དེ་དོན་འཁྱོལ་དང་དངོས་འབེབས་བྱས་པའི་ཁྲོད་ཀྱི་མི་འདང་སར་ཤུགས་སྣོན་དགོས།
ཐེངས་འདིའི་སྐོར་ཞིབ་དེ་ཟླ་བདུན་པའི་ཟླ་སྟོད་ནས་ཟླ་དགུ་པའི་ཟླ་སྨད་བར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་ཁོངས་གཏོགས་རྫོང་དང་གྲོང་ཁྱེར་དུ་རྒྱུན་ལྡན་སྐོར་ཞིབ་བྱེད་རྒྱུ་ཡིན་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་ཁུལ་ཨུའི་རྩ་འཛུགས་པུའུ་ལ་སྐོར་ཞིབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་ལ་མཉམ་འབྲེལ་སྐོར་ཞིབ་ལྟ་ཞིབ་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཆེད་དོན་སྐོར་ཞིབ་བྱ་རྒྱུ་རེད།
མི་ཕམ་མགོན་པོས་བསྒྱུར།