ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཟི་ལིང་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཅང་ཞུའུ་ཀོང་སོགས་ལ་ཐུག་འཕྲད་བྱས་པར་མ་ཟད། གྲོས་མཐུན་བཀོད་པར་བདེན་དཔང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་དང་། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་སྤྱི་གཉེར་བ་གཞོན་པ་སུན་ཀྲི་ཡུའུ་གཉིས་ཐུག་འཕྲད་ལ་ཞུགས་པར་མ་ཟད་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་ཐུག་འཕྲད་ལ་ཞུགས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཅང་ཞུའུ་ཀོང་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་བྱ་བར་རྒྱབ་སྐྱོང་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཆུའི་ཐོན་ཁུངས་ནི་མཚོ་སྔོན་གྱི་ཐུན་ཁུངས་གལ་ཆེན་ཡིན་པ་དང་། ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་མཚོ་སྔོན་གྱི་འགན་འཁྲི་གལ་ཆེན་ཡིན་ལ། ཆུའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་རྒྱུ་ནི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་བླང་བྱ་ཡིན། ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པ་དང་། དེང་ལ་བྱས་རྗེས་བཞག་ན་བསྐལ་བརྒྱར་ཕན་འབྲས་འབྱུང་བ་ཡིན། ཐེངས་འདིར་མཚོ་སྔོན་དང་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་གཉིས་ཀྱིས་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་དུ་སྤེལ་བ་དེས་སྲིད་གཞུང་དང་ཁྲོམ་རའི་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་མཚོན་ལ། དེ་ནི་མཚོ་སྔོན་གྱི་དགོས་མཁོར་དམིགས་ཤིང་དེ་བས་ཀྱང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། གནད་དོན་ལ་མཉམ་དུ་ལན་འདེབས་པའི་ཁྲོད་འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་དང་འགན་འཁྲི་མཉམ་དུ་ཁག་ཁུར་བྱེད་པ་ཞིག་ཡིན། མཚོ་སྔོན་གྱིས་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་དང་མཉམ་དུ་རང་སྟེང་གི་དགེ་མཚན་ལ་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་དམ་འཛིན་བྱེད་པ། བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཆུ་བེད་བཟོ་སྐྲུན་གལ་ཆེན་གྱིས་སྔ་མོ་ནས་མི་དམངས་ཕན་འདོགས་ཐུབ་པར་བྱེད་ངེས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བར་སྟོགས་ཤུགས་ཡོད་རྒུས་རྒྱབ་སྐྱོབ་བྱེད་ངེས་ཡིན་ཟེར།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་བཅོས་ཆུ་དར་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་དགོངས་དོན་ལག་བསྟར་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱུན་མཐུད་ཐུབ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས། ཆུའི་སྐྱེ་ཁམས་དང་ཆུའི་བདེ་འཇགས་སོགས་ཕྱོགས་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དེ་ཆུ་བཅོས་དང་ཆུ་བཀོལ། ཆུ་ལ་དོ་དམ་བྱེད་པ་བཅས་ཀྱི་ཉམས་མྱོང་གསར་པ་འཚོལ་ཞིབ་བྱེད་པར་ཕན་པ་དང་། མཚོ་སྔོན་གྱི་རླུང་འོད་ཆུ་སོགས་ཀྱི་ཐོན་ཁུངས་དགེ་མཚན་འདོན་སྤེལ་བྱས་ཏེ་ཆུ་བེད་བཟོ་སྐྲུན་དང་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་འཕེལ་རྒྱས་རྣམ་པ་གསར་སྐྲུན་བྱེད་པ། མཁར་གྲོང་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རང་ཞིང་གི་ཆུའི་ཐོན་ཁུངས་དགེ་མཚན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་བསྒྱུར་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ་བཅས་ལ་ཕན་པ་ཡོད། ང་ཚོས་དངོས་གཉེར་ཅན་དང་ལས་གཞི་ཅན། ལམ་ལུགས་ཅན་བཅས་རྒྱུན་འཁྱོངས་བྱས་ཏེ་མཉམ་ལས་ཀྱི་ནང་དོན་སོ་སོ་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་རྒྱུ་ཡིན་ཟེར།
ཅང་ཞུའུ་ཀོང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུགས་ཁུར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གལ་ཆེན་ཡིན་པས། སྐྱེ་ཁམས་གོ་གནས་དམིགས་བསལ་ཡིན་ཞིང་གལ་ཆེན་ཡིན། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཆུ་འདྲེན་ཆུ་འདོན་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་དང་རྒྱལ་ཁབ་ཆུ་དྲའི་འཛུགས་སྐྲུན་སྣེ་ཁྲིད་ཁེ་ལས། ཆུའི་བདེ་འཇགས་འགན་སྲུང་གི་རྐང་འཛིན་ཁེ་ལས་བཅས་ཡིན་པའི་ཆ་ནས། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱིས་རྒྱལ་ཁབ་ཀྱི་མ་རྩ་བཏང་བའི་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི། དཔལ་འབྱོར་འགན་འཁྲི་བཅས་བཟང་བོར་འཁུར་ངེས་ཡིན། ཕྱོགས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་དང་གསར་སྐྲུན་འཚོལ་ཞིབ་བྱས་ཏེ་ཆུ་དྲའི་བཟོ་སྐྲུན་འཛུགས་སྐྲུན་ལ་མ་དངུལ་བསྡུ་རུབ་དང་འཁོར་སྐྱོད་རྣམ་པའི་ལམ་བུ་གསར་པ་ཞིག་འཚོལ་བ་དང་། རྒྱལ་ཁབ་ཆུ་དྲའི་འཛུགས་སྐྲུན་ཁྲོད་ཚད་གཞི་བཙུགས་ཏེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཆུའི་ཐོན་ཁུངས་ཀྱི་འདེགས་སྐྱོར་དང་ཆུའི་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པའི་རེ་བ་ཡོད་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།