ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས།
2023.06.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྲོས་ཚོགས་བསྡུས་ནས《ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་བྱེད་ཐབས་འགའ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་པེ་ཅིང་གི་རྒྱལ་སའི་ནུས་པ་མིན་པའི་རིགས་གསེད་བཀྲོལ་བྱེད་པ་དང་། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ལོ་ངོ་སྟོང་གི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན། མིག་སྔར་ཞུང་ཨན་ཁུལ་གསར་གྱི་བྱ་བའི་གཙོ་གནད་དེ་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་། ཆུ་ཚད་མཐོ་བའི་དོ་དམ། སྤུས་ཚད་མཐོ་བའི་གསེད་བཀྲོལ་འཕེལ་རྒྱས་བཅས་མཉམ་འཛིན་གྱི་ཕྱོགས་སུ་བསྒྱུར་ནས་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དེ་ཞུང་ཨན་ཁུལ་གསར་གྱིས་པེ་ཅིང་གི་རྒྱལ་སའི་ནུས་པ་མིན་པའི་བྱེད་ནུས་འབྲེལ་མཐུད་དང་གཞི་ཁྱོན་ཆེ་བའི་འཛུགས་སྐྲུན་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞུང་ཨན་ཁུལ་གསར་གྱི་ད་ལྟའི་དུས་མཚམས་ཀྱི་དོན་དངོས་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་མི་སྣའི་ཁེ་ཕན་གྱི་དོ་ཁུར་ལ་དམ་པོར་དམིགས་པ་དང་། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་རྒྱབ་སྐྱོར་བྱེད་ཐབས་སྤྱོད་དགོས། གོམ་སྟབས་བརྟན་ལ་གོ་རིམ་ལྡན་པ་དང་ནུས་པས་ལྕོགས་ཚོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཚོན་རྟགས་རང་བཞིན་གྱི་གསེད་བཀྲོལ་རྣམ་གྲངས་དེ་ཞུང་ཨན་ཁུལ་གསར་དུ་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་དང་བརྩི་སྲུང་བྱེད་པ། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་དང་ལྗང་མདོག་ཐཱན་ཉུང་ལ་ཤུགས་སྣོན་རྒྱག་པ། འཛུགས་སྐྲུན་གྱི་གཞི་ཁྱོན་དང་མྱུར་ཚད་སྟངས་འཛིན་ལུགས་མཐུན་བྱེད་པ། ཞུང་ཨན་སྤུས་ཚད་གཏོད་པ་བཅས་བྱེད་དགོས། འཚོལ་ཞིབ་གསར་གཏོད་དང་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མིག་སྔར་དང་ཡུན་རིང་གི་སྲིད་གཞུང་དང་ཁྲོམ་ར་སོགས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་བྱེད་ཐབས་དེ་ཞུང་ཨན་ཁུལ་གསར་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། རྩེར་སོན་གྱི་ཐོན་ལས་གསར་པ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་གྱི་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གྲོང་ཁྱེར་བཅོས་སྐྱོང་གི་སྒྲོམ་གཞི་དང་སྤྱི་པའི་ཞབས་ཞུའི་ལམ་ལུགས་སོགས་ལ་དམིགས་ཏེ་ཞུང་ཨན་ཁུལ་གསར་གྱི་མ་འོངས་གྲོང་ཁྱེར་འཛུགས་སྐྲུན་གཉེར་སྐྱོང་དོ་དམ་སྒྲིག་སྲོལ་གྱི་སྔོན་དཔག་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་དགོས།

གྲོས་ཚོགས་ལས་ཏང་གི་འགོ་ཁྲིད་དེ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་། ཁྱབ་ཁོངས་སོ་སོ། ལྷུ་ཚིགས་སོ་སོ་བཅས་སུ་ཁྱབ་པར་བྱས་ནས་ཞུང་ཨན་ཁུལ་གསར་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་མི་སྣ་འདེམས་སྤྱོད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། བཅོས་སྒྱུར་གྱི་འདུ་ཤེས་ལྡན་པ། འཇོན་ཐང་ཆེ་བ། བྱེད་ཕོད་ལ་སྒྲུབ་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་དགོས། ཧི་པེ་ཞིང་ཆེན་གྱིས་གཙོ་ཤུགས་འགན་འཁྲི་ཏན་ཏིག་གིས་སྒྲུབ་པ་དང་ཞུང་ཨན་ཁུལ་གསར་གྱིས་གཏོགས་ཁོངས་ཀྱི་འགན་འཁྲི་འཁུར་བ། འབྲེལ་ཡོད་ས་གནས་ཀྱིས་རྒྱབ་སྐྱོར་ཧུར་ཐག་བྱེད་པ།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་ངང་མཛུབ་ཁྲིད་དང་ཞབས་ཞུ་བྱེད་པ་དང་། མཉམ་དུ་ཤུགས་རྒྱག་པ། མཉམ་ཤུགས་ཆགས་པར་བྱེད་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ། དུས་མཚམས་རང་བཞིན་གྱི་སྤྱི་སྡོམ་དཔྱད་དཔོག་བྱེད་པ། སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་བྱེད་པ། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

ཤ་བོ་གསེར་མཚོས་བསྒྱུར།