ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་གསུམ་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ།《ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་ཡིན་པ་དང་བློ་གཏད་ཆོག་པ་དང་དུས་རབས་ཀྱི་ལས་འགན་ལྕི་མོ་ཕྲག་སྟེང་དུ་འཁུར་ཐུབ་པ་བཅས་ཀྱི་རྐང་འཛིན་མི་སྣ་ཞིག་ཏུ་འགྱུར་བར་འབད་དགོས》ཞེས་པ་བཀོད།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ན་གཞོན་ལས་བྱེད་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱ་རྒྱུ་དེ་ཏང་དང་མི་དམངས་ཀྱི་ལས་དོན་རྒྱུན་འཛིན་པ་ཡོད་མེད་དང་འབྲེལ་བའི་ལས་དོན་ཞིག་ཡིན། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱས་ཏེ། མི་དམངས་ཀྱི་རེ་བ་སྟོང་ཟད་མི་གཏོང་བའི་རྒྱལ་ཁབ་ཀྱི་བརྩེ་སེམས་བརྟན་པོ་གསོ་སྐྱོང་བྱེད་པ་དང་། བླ་ན་མེད་པའི་བསམ་བློའི་གོ་རྟོགས་འཚོལ་སྙེག་བྱེད་པ། འགན་འཁྲི་ལྕི་མོ་ཕྲག་ཏུ་ལེན་ཕོད་པའི་འཇོན་ཐང་སྦྱོང་བརྡར་བྱེད་པ། ཏང་དང་མི་དམངས་ཀྱི་ལས་དོན་ཆེད་འབད་འཐབ་དང་བྱས་རྗེས་འཇོག་པ་བཅས་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་འགྱོད་སེམས་ཅི་ཡང་མེད་པའི་སྒོ་ནས་འབད་འཐབ་ཀྱི་བྱས་རྗེས་འཇོག་དགོས།
རྩོམ་ཡིག་ལས་བསྟན་དོན། ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཕུགས་བསམ་དང་དད་སེམས་ནི་ཏང་འཛུགས་དང་ཏང་དར་རྒྱས་གཏོང་བའི་རྨང་གཞི་ཡིན་ལ། ཏང་ཡོན་ལས་བྱེད་པའི་སྲོག་རྩའང་ཡིན། ན་གཞོན་ལས་བྱེད་པས་རྒྱུན་འཛིན་ཡག་པོ་བྱེད་པར་ཆེས་གལ་འགངས་ཆེ་ཤོས་ནི་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་རྒྱུན་འཁྱོངས་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་རྒྱང་རིང་བོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ཆེད་དུ་འབད་འཐབ་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན། ཏང་ཡོན་ལས་བྱེད་པས་བློ་རྒྱ་ཆེན་པོས་ཕུགས་བསམ་ཉར་བ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་མི་ཚེའི་ཕུགས་བསམ་དེ་ཏང་དང་མི་དམངས་ཀྱི་ལས་དོན་ཁྲོད་འདྲེས་པར་བྱེད་པ་དང་། མི་དམངས་བདེ་སྐྱིད་ཡོང་ཕྱིར་འབད་འཐབ་བྱ་རྒྱུ་དེ་རང་ཉིད་ཀྱི་བདེ་སྐྱིད་ཆེ་ཤོས་སུ་བརྩིས་པ་ཡིན་ན། གཞི་ནས་རང་ཉིད་ཀྱི་མི་ཚེ་བླ་མེད་དང་དོན་ལྡན་དུ་འགྱུར་ཐུབ། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བར་སྔོན་ལ་དེའི་ནང་དོན་རྟོགས་པར་བྱེད་པ་དང་དེའི་རྗེས་དེར་ཡིད་ཆེས་བྱེད་པ། ཡིད་ཆེས་ཐོབ་རྗེས་ལག་བསྟར་བྱེད་པ་བཅས་ཀྱི་གོ་རིམ་བརྒྱུད་དགོས། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་ནི་དུས་ཡུན་ཐུང་ངུ་ཙམ་གྱི་ལས་ཀ་མ་ཡིན་པར་མི་ཚེ་གང་བོར་དོན་གཉེར་བྱེད་དགོས་པ་ཞིག་ཡིན་པས། རྒྱུན་དུ་སྦྱོང་རྡར་ཡང་ཡང་བྱེད་པ་དང་རྒྱུན་དུ་བློ་སྦྱོང་གང་མང་བྱས་ཏེ། སྐྱིད་སྡུག་ལེགས་ཉེས་གང་ལ་འཕྲད་ཀྱང་ བློ་རྩ་བརྟན་ཞིང་འགྱུར་བ་མེད་པ་དང་ཚོད་བགམ་ཅི་རིགས་ཐེག་ཐུབ་པ་བཅས་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་དགོས། མང་ཚོགས་ལམ་ཕྱོགས་ནི་ཏང་གི་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པར་ཐོག་མར་མང་ཚོགས་ལ་བརྩེ་དུང་ཡོད་པ་དང་། རང་ཉིད་མང་ཚོགས་ཀྱི་ཁོངས་མི་ཞིག་དང་མང་ཚོགས་ཀྱི་ལས་དོན་དེ་རང་ཉིད་ཀྱི་ལས་དོན་ཞིག་ཏུ་བརྩི་ཐུབ་དགོས། གནས་བབ་གསར་པའི་འོག་གི་མང་ཚོགས་ཀྱི་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ནས། མང་ཚོགས་ཀྱི་ལས་ཀ་བྱེད་སྟངས་ལེགས་བཅོས་དང་མང་ཚོགས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས། དྲ་སྦྲེལ་ནི་དུས་རབས་གསར་པའི་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གཡུལ་ས་གལ་ཆེན་ཞིག་ཡིན་ལ། བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། མགོ་ཁྲིད་ལས་བྱེད་པས་དྲ་རྒྱ་ལ་སློབ་སྦྱོང་བྱེད་པ་དང་དྲ་རྒྱ་ཤེས་པར་བྱེད་པ། དྲ་རྒྱ་ཡག་པོ་བཀོལ་བ་བཅས་བྱས་ནས། རྒྱུན་དུ་དྲ་ཞུགས་བྱས་ཏེ་མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདོད་ཤེས་རྟོགས་བྱེད་པ་དང་། བསམ་ཚུལ་དང་གྲོས་འགོ་ཡག་པོ་བསྡུ་ལེན་བྱེད་པ། དྲ་དམངས་ཀྱི་དོ་ཁུར་ལ་ལན་གང་ལེགས་འདེབས་པ་བཅས་བྱས་ཏེ། དོགས་གནད་སེལ་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།