ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་ནས་མ་ལེ་ཞི་ཡའི་དམངས་གཙོ་འགུལ་སྐྱོད་ཏང་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཚོགས་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་ལིག་ཆང་ཡན་གྱིས་འགོ་ཁྲིད་པའི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས།
ཁྲིན་ཀང་གིས་རྟོག་ཞིབ་ཚོགས་པ་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། མིག་སྔར། མཚོ་སྔོན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་འཆར་གཞི་ལྟར་དཔའ་སྐྱེད་མདུན་སྐྱོད་བྱེད་དགོས། ཚང་མ་ས་ཆ་གང་སར་སོང་ནས། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཕྱོགས་ཀྱི་འབད་འཐབ་ཁྲོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལག་ལེན་གྱི་སྟོབས་ཤུགས་ཆེན་པོར་མྱོང་ཚོར་བྱེད་པ་དང་། མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་དངོས་ཁྲོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་རླབས་ཆེན་གྱི་བསམ་གཞིགས་ལ་མྱོང་ཚོར་བྱེད་པ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་རྒྱུན་མ་ཆད་པར་ཇེ་ལེགས་སུ་གཏོང་བའི་ཁྲོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་ལ་མྱོང་ཚོར་བྱེད་པ་མ་ཟད། ཐེངས་འདིའི་མཚོ་སྔོན་གྱི་འགྲུལ་བཞུད་བརྒྱུད་དེ། ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་འབྲེལ་ཟམ་འཛུགས་པ་དང་གསོན་ཤུགས་སྣོན་རྒྱུའི་རེ་བ་བཏོན།
ལིག་ཆང་ཡན་གྱིས་མཚོ་སྔོན་གྱིས་སྣེ་ལེན་བཟང་བོ་བྱས་པར་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས། ཁོ་མོས་བཤད་རྒྱུར། མ་ལེ་ཞི་ཡ་དང་ཀྲུང་གོ་ནི་འབྲེལ་བ་བཟང་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེའི་རྒྱུན་རིང་ལ། མ་ལེ་ཞི་ཡས་ཀྲུང་གོའི་ས་གནས་བར་གྱི་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཐེངས་འདིའི་རྟོག་ཞིབ་བརྒྱུད་དེ། མཚོ་སྔོན་གྱི་དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། ཡུལ་སྐོར། རིག་གནས་སོགས་ཁྱབ་ཁོངས་ནས་སྔར་ལས་དམ་ཟབ་ཀྱི་མཉམ་ལས་འབྲེལ་བ་བཙུགས་ནས། མཉམ་དུ་མཛེས་སྡུག་གི་མ་འོངས་པ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད།
ཞིང་ཆེན་གྱི་འགོ་ཁྲིད་པ་ཀྲུའུ་ཞང་ཧྥིན་དང་ཉི་མ་སྒྲོལ་མ། ཝང་ཧའེ་ཧུང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་འདྲིས་པུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཐུག་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།