ཟླ་བདུན་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་ཟུང་འབྲེལ་བྱེད་པའི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་བྱེད་པ་དང་། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱེད་པ། དམིགས་འབེན་གཙིགས་སུ་འཛིན་པ། སྟོབས་ཤུགས་འདོན་པ། ཞིང་ཆེན་ལྟེ་གནས་ཀྱི་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཏེ། ཕན་ཡོད་སྦྲེལ་མཐུད་བྱ་བའི་ཐད་ནས་མདུན་གྲས་སུ་བསྐྱོད་པ་དང་མིག་དཔེ་སྟོན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞེ་ཀོའུ་ཡུལ་ཚོ་ཡོ་ཏུང་ཀྲོང་ཀོང་མ་སྡེ་བ་དང་ཁྲིན་ཀོན་གྲོང་རྡལ་ལིའུ་ཧྲུའུ་ཀྲོང་སྡེ་བ། ཞིན་ཀྲང་གྲོང་རྡལ་ཐའེ་ཆི་ཀྲོང་སྡེ་བ། ཐ་ཨེར་གྲོང་རྡལ་སྡེ་རྙིང་གོང་མ་སྡེ་བ་བཅས་སུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ཞིང་ལས་རིག་གནས་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་དང་སྔོ་ཚལ་འདེབས་འཛུགས། འབྲི་ཏ་ས་འཛིན་གྱི་སོན་མྱུག་སྐྱེད་གསོ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཆུ་ལོག་གནོད་འཚེ་ཐད་ཀྱི་སླར་གསོ་བསྐྱར་འཛུགས་ལ་ལྟ་ཞིབ་བྱས་ལ། ཁྱིམ་ཚང་ལ་སོང་ནས་དབུལ་ཐར་མང་ཚོགས་ལ་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་རྐང་འཛུགས་པ་དང་། རིམ་པ་ཟབ་པའི་སྒོ་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་གྲངས་ཀའི་དགེ་མཚན་ཇེ་དྲག་ཏུ་གཏོང་བ། ཞིང་བར་འབྲེལ་འདྲིས་བྱེད་པ་དང་ཞིང་བར་སྣེ་ཁྲིད་བྱེད་པའི་ཁེ་ཕན་གྱི་མཉམ་འབྲེལ་དང་ཡོང་སྒོ་བགོ་བཤའ་སོགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱེད་པ། གྲོང་གསེབ་ཐོན་ལས་ཀྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་སྔར་ལས་མང་པོའི་ཡོང་སྒོ་འཕར་སྣོན་བྱེད་པ་དང་ཕྱུག་པོར་བསྒྱུར་བར་སྣེ་ཁྲིད་བྱེད་དགོས། སྤུས་ལེགས་ཕན་ལྡན་སྒོས་ས་གཤིས་ཀྱི་གནོད་འཚེ་ལ་གཡོལ་བའི་མང་ཚོགས་ཀྱི་གནས་སྐོར་བཀོད་སྒྲིག་བྱ་བ་ཡོངས་འགྲུབ་བྱེད་པ་དང་། གཞིས་ཁུལ་གྱི་བཅོས་སྐྱོང་ལ་ཤུགས་སྣོན་པ། སྤྱི་བའི་ཞབས་ཞུའི་ཆ་སྡེབས་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱི་བདེ་སྐྱིད་ཀྱི་སྟོན་གྲངས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཧོང་ཀྲུང་ཆུའུ་མདོ་བ་གྲོང་རྡལ་ཡུས་ལ་སྡེ་བ་དང་ཅ་ལ་སྡེ་བ་རུ། ཝུའུ་ཞའོ་ཅུན་དེང་རབས་ཅན་གྱི་ཞིང་ལས་ཚན་རྩལ་ཐོན་ལས་ར་བ་དང་མཚོ་སྔོན་ཆིན་ཁའེ་གྱོན་ཆས་ཚད་ཡོད་ཀུང་ཟི་རུ་སོང་ནས། དེང་རབས་ཞིང་ལས་བསྒྱུར་བཀོད་མཐོར་འདེགས་ལས་གཞི་འཛུགས་སྐྲུན་དང་རོགས་སྐྱོར་འཁོར་ཁང་འཁོར་རྒྱུག་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་ནན་གྱིས་བསྟན་དོན། དེང་རབས་ཞིང་ལས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་པ་དང་། རོགས་སྐྱོར་འཁོར་ཁང་བདེ་ཐང་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། མང་ཚོགས་ཀྱིས་ཉེ་འགྲམ་ནས་ལས་ཞུགས་བྱེད་པའི་ལམ་བུ་རྒྱ་སྐྱེད་དགོས། སྟོང་སྐོར་རྫོང་ཏུང་ཞ་ཡུལ་ཚོ་པོ་ཞང་འོག་མ་སྡེ་བ་དང་བ་ཡན་ཡུལ་ཚོ་ཞ་སི་སྡེ་བ་རུ། ཝུའུ་ཞའོ་ཅུན་གྱིས་གྲོང་གསེབ་ཡུལ་སྐོར་དང་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པར་མ་ཟད་ནན་གྱིས་བསྟན་དོན། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་པའི་འཆར་གཞི་ལག་བསྟར་ཟབ་མོ་བྱེད་པ་དང་། དམངས་ཕྱུག་ཐོན་ལས་སྔར་ལས་མང་པོ་བསྐྲུན་པ། རིམ་པ་བཞིན་གྲོང་སྡེ་བསྒྱུར་བཀོད་བྱས་ཏེ། དབུལ་ཐར་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གྲུབ་འབྲས་སྔར་ལས་རྒྱུན་བསྲིང་བྱེད་ཐུབ་པར་བྱེད་དགོས།
ཟི་ལིང་གྲོང་ཁྱེར་དང་རྫོང་དང་ཆུའུ་ཡི་ཏང་ཨུ་དང་སྲིད་གཞུང་། གྲོང་གསེབ་དར་སྤེལ་ཅུའུ་དང་ཞིང་ཆེན། གྲོང་ཁྱེར་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཞུགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཚད་མཐའ་བརྟན་སྲུང་བྱེད་པ་དང་འཕེལ་རྒྱས་དམ་འཛིན་བྱེད་པ། དར་སྤེལ་ལ་སྐུལ་འདེད་གཏོང་བར་དམིགས་པ་དང་། ཚད་གཞི་སྔར་ལས་མཐོ་བ་དང་རེ་བ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་བཟང་བོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། གྲུབ་འབྲས་གསར་བ་ལེན་དགོས། རྨང་གཞི་བརྟན་པོ་འཛུགས་པ་ཚད་གཞིར་འཛིན་པ་དང་། གཞི་རྩའི་གནས་ཚུལ་དང་རོགས་སྐྱོར་སྲིད་ཇུས། གནས་པའི་གནད་དོན་རྒྱུས་ལོན་ཡང་དག་བྱེད་པ་དང་། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཐབས་སྤྱོད་བྱས་ཏེ། བྱ་བ་སྣ་ཚོགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་དགོས། གནད་དོན་འབུར་དུ་ཐོན་ནས་ཤུགས་གནད་ལ་འཁེལ་བ་འདོན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཡོང་སྒོ་རྒྱུན་མཐུད་ངང་འཕར་བར་དམིགས་པ། ཕྱིར་དབུལ་བོར་འགྱུར་བ་བཀག་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལ་ཤུགས་སྣོན་པ། འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་གཏོང་བ། ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་རོགས་སྐྱོར་ནན་གྱིས་སྤེལ་བ། ལས་གཞིའི་མ་དངུལ་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། བབ་སྡོད་ལས་བརྩོན་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་སྡེ་ཁག་གི་འགན་འཁྲི། སྡེ་སྡོད་ཀྱི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། བྱ་བ་སྣ་ཚོགས་སྔར་ལས་གཏིང་ཟབ་དང་བཟང་བོར་བསྒྲུབ་དགོས།
ཝང་ཝེ་ཏུང་དང་ཚེ་རིང་ཐར་གྱིས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།